དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ཀྲུང་གོ་ནི་རྒྱལ་ཁབ་སྟོབས་ཆེན་ཞིག་རེད་འདུག”

    སྐྱིད་གྲོང་གི་ནེ་པ་ལའི་ཚོང་པ་ཞིག་གི་མིག་ནང་གི་ཉེན་སེལ་རོགས་སྐྱོབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-31

    སྐྱིད་གྲོང་གྲོང་རྡལ་དང་བར་ཐག་སྤྱི་ལེ་3ཡང་མེད་པའི་གྱེས་ཕུག་གྲོང་ཚོར་ཕར་ལྟ་དུས་ཁུ་སིམ་མེར་གནས་མོད། འོན་ཏེ་ནེ་པ་ལའི་དབྱང་ཁ་ཟ་ཁང་དུ་སྐྱོད་སྐབས་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ནས་ཡོད། ལོ་39ལ་སླེབས་པའི་ཟ་ཁང་གི་སྦྱིན་བདག་Karsang Tenjen Tamang(བོད་སྐད་ཀྱི་མིང་ལ་སྐལ་བཟང་བསྟན་འཛིན་ཟེར)ཡིས་མང་ཚོགས་ལ་རིན་མེད་པར་ཇ་བསྲུབས་མ་དང་། ཇ་མངར་མོ། ཆུ་ཁོལ་བཅས་གྲ་སྒྲིག་བྱེད་བཞིན་འདུག

    གནོད་འཚེ་ཐོན་རྗེས་ས་ལེ་ཤང་ལ་བི་གྲོང་ཚོ་དང་སེར་ཆུང་གྲོང་ཚོའི་མང་ཚོགས་100ལྷག་ཙམ་གྱེས་ཕུག་གྲོང་ཚོར་གནས་སྤོ་བྱས། གྱེས་ཕུག་གྲོང་ཚོ་ནི་ཡུལ་སྐོར་གྲོང་ཚོ་ཞིག་ཡིན་པ་དང་། དུད་ཚང་28ལས་ཁྱིམ་ཚང་19ཡིས་དམངས་སྲོལ་གནས་ཚང་བཙུགས་ཡོད། ཡུལ་མི་ཚོས་ཁང་པ་དེ་དག་གནས་སྤོས་མང་ཚོགས་ལ་གཡར་བ་རེད།

    ཉིན་ལྟར་བཀོད་སྒྲིག་བྱ་ཡུལ་གྱིས་ལྟོ་ཆས་གཅིག་གྱུར་ངང་གྲ་སྒྲིག་བྱེད་ཅིང་། རྐང་པ་ཐང་བའི་མང་ཚོགས་ཟ་ཁང་དུ་ཡོང་ནས་ལྟོ་ཆས་ཟ་བ་དང་། རྐང་པ་ཐང་པོ་མེད་པའི་རྒན་རྒོན་ཚོར་ལས་དོན་པས་ལྟོ་ཆས་ཚ་པོ་ཁོང་ཚོའི་གམ་དུ་སྐྱེལ་གྱི་ཡོད།

    ནེ་པ་ལའི་དབྱང་ཁ་ཟ་ཁང་གི་ཚོམས་ཆེན་རྒྱབ་མདུན་གཉིས་ལ་སྨི་ངོས་གྲུ་300ཙམ་ཡོད་པ་དང་པང་གཅལ་དང་། བོད་བཟོའི་ཅོག་ཙེ། ཧྲ་ཧྥ་བཅས་གྲལ་འགྲིག་པོར་བསྒྲིགས་ཡོད་པ་དང་། བོད་རྒྱ་དབྱིན་གསུམ་གྱི་ཚལ་ཐོའི་ཐོག་ཚལ་སྣ་ཁ་40ལྷག་ཙམ་བཀོད་ཡོད། ད་ཆ་གཅིག་སྡུད་ཐོག་ཁ་ལག་མཁོ་འདོན་བྱེད་པའི་དུས་ཚོད་སླེབས་རིམ་བཞིན་ཟ་ཁང་གིས་ཡུལ་སྐོར་བ་ཐར་ཐོར་ལ་སྣེ་ལེན་ཞུ་མཚམས་བཞག་ནས། ཚོམས་ཆེན་རྒྱབ་མདུན་ཚང་མར་བཀོད་སྒྲིག་བྱས་པའི་མང་ཚོགས་ལ་ཟ་མ་མཁོ་འདོན་བྱེད་ཀྱི་ཡོད།

    སྐལ་བཟང་བསྟན་འཛིན་ནི་ནེ་པ་ལའི་མི་ཞིག་ཡིན་པ་དང་། དེ་གར་ཟ་ཁང་གཉེར་ནས་ལོ་3ཙམ་སོང་ཡོད། “སྔོན་ཆད་ད་ལྟའི་དུས་ཚོད་འདིར་ཡུལ་སྐོར་བ་མང་ཤོས་རེད”ཅེས་སྐལ་བཟང་བསྟན་འཛིན་གྱིས་བཤད་པ་དང་། ཁོང་གིས། ཉེ་དུས་གྲོང་རྡལ་དུ་ཐེངས་གཅིག་སྐྱོད་སྐབས་རླངས་འཁོར་མང་པོ་ཕར་འགྲོ་ཚུར་འོང་བྱེད་པ་དང་། དཔུང་ཁག་རེ་རེ་འཕྲལ་དུ་འཛོམས་པ། ཚོན་མདོག་འདྲ་མིན་གྱི་ལས་གོས་གྱོན་པའི་མི་སྣ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་སྟེ་གོ་རིམ་ལྡན་པའི་ངང་ལས་ཀ་བྱེད་ཀྱི་འདུག ལ་ལས་འཚོལ་སྐྱོབ་དང་ཉེན་ཁ་སེལ་བ་དང་། ལ་ལས་མྱུར་དུ་འགྲོ་ལམ་གཤོང་བ།

    ལ་ལས་དངོས་ཟོག་དབོར་བ། ལ་ལས་མང་ཚོགས་བཀོད་སྒྲིག་བྱེད་པ་སོགས་བྲེལ་བས་ཁེངས་པའི་རྣམ་པ་མིག་ལམ་དུ་མཐོང་བྱུང་། ལྷག་པར་དུ་འཁྲིས་ཀྱི་གནས་སྤོ་བཀོད་སྒྲིག་བྱས་པའི་མང་ཚོགས་ལ་སེམས་ཁུར་ཆེན་པོ་བྱེད་པ་མཐོང་སྐབས་སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་བཤད།

    “ཁྱེད་ཚོའི་སྒྲིག་ཆས་སྔོན་ཐོན་རེད་འདུག་ལ། རོགས་སྐྱོབ་བྱ་སྤྱོད་མྱུར་དུ་སྤེལ་བ་མ་ཟད། ཉེན་སེལ་རྒུད་སྐྱོབ་ལས་ཀར་ཡང་ཧ་ཅང་བྱང་པོ་འདུག ཀྲུང་གོ་ནི་རྒྱལ་ཁབ་སྟོབས་ཆེན་ཞིག་རེད་འདུག”ཅེས་སྐལ་བཟང་བསྟན་འཛིན་གྱིས་བཤད།

    རོགས་སྐྱོབ་མགྱོགས་པོ་དང་སྟོབས་ཆེན་ཡིན་པ་སེར་ཆུང་གྲོང་ཚོའི་གྲོང་མི་བུ་ཉི་མར་མྱོང་ཚོར་ཧ་ཅང་ཟབ་མོ་བྱུང་ཡོད།

    ཆུ་རུད་ཐོན་སྐབས་བུ་ཉི་མའི་ནང་མི་ཚང་མ་ཁྱིམ་དུ་ཇ་མངར་མོ་འཐུང་བ་དང་ཞོཌ་ཟས་ཟ་བཞིན་ཡོད། གློ་བུར་དུ་སྒྲ་ཆེན་པོ་ཞིག་གྲཌ་ནས་ཁང་པ་ཚང་མ་འགུལ།

    གྲོང་ཚོའི་ལས་བྱེད་པས་གང་མགྱོགས་གྲོང་ཚོ་ཡོངས་ཀྱི་ཡུལ་མི་རྣམས་ས་རྒྱ་ཆེན་པོ་ཞིག་ཏུ་འཛོམས་སུ་བཅུག ཤང་གིས་སྒྲིག་འཛུགས་བྱས་པའི་རླངས་འཁོར་རུ་ཁག་གིས་ཁོང་ཚོ་སྔོན་ལ་ཤང་དུ་གནས་སྤོ་བྱས་པ་དང་ཉིན་གཉིས་པའི་ཉིན་དགུང་སླར་ཡང་གྱེས་ཕུག་གྲོང་ཚོར་གནས་སྤོ་བྱས། ཆུ་རུད་ཐོན་པའི་སྒྲ་ཐོས་པ་ནས་གཙང་སྦྲ་དོད་པའི་དམངས་སྲོལ་གནས་ཚང་དུ་སྡོད་རྒྱུ་བྱུང་བའི་བར། ཉིན་གཅིག་ལས་འགོར་མེད་པ་དང་། དེའི་རིང་ལྟོ་དུས་གཅིག་ཀྱང་ཆད་མེད།

    རི་སྐེད་དུ་འཁྲིགས་པའི་སྨུག་སྤྲིན་ད་དུང་ཡལ་མེད་ཀྱང་ལྟོ་ཆས་ཚ་པོ་ཅོག་ཙེའི་སྟེང་དུ་བསྒྲིགས་ཟིན་ཡོད། ཉེན་ཁ་འཕྲད་མ་ཐག་པའི་མི་རྣམས་ཀྱི་ངོས་ནས་བརྗོད་ན། ལྟོ་ཚ་པོ་གང་ལས་མངོན་པ་ནི་རྒྱལ་ཁབ་ཅིག་གིས་དམངས་ལ་ལྷད་མེད་བརྩེ་བ་བཅངས་པའི་འགན་སེམས་ཤིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།