དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཚོ་བོད་ལྗོངས་སྐྱིད་གྲོང་གི་ཉེན་སེལ་རོགས་སྐྱོབ་ནང་རྒྱུན་མཐུད་ཞུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-08-31

    ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་སྐྱིད་གྲོང་ནས་ཟླ་8ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་29ཉིན་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་ཀྱི་ཉིན་4པ་ཡིན་ཞིང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཚོས་བོད་ལྗོངས་སྐྱིད་གྲོང་གི་རོགས་སྐྱོབ་འཐབ་ས་དང་པོར་མུ་མཐུད་འབད་འཐབ་བྱས་ནས་འབྲེལ་ཆད་མི་སྣ་ཐབས་ཤེས་ཡོད་རྒུས་འཚོལ་སྐྱོབ་བྱས་པ་རེད།

    ནུབ་རྒྱུད་འཐབ་ཁུལ་སྐྱིད་གྲོང་ཕྱོགས་ཀྱི་བཀོད་འདོམས་སུའོ་ཡིས་མཁའ་ཐོག་དང་སྐམ་སའི་རོགས་སྐྱོབ་སྟོབས་ཤུགས་ལ་སྤྱི་འདོམས་བཀོད་འདོམས་བྱས་ཏེ། ཉེན་སེལ་ལས་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་ནས་འཚོལ་སྐྱོབ་གྲལ་བཤེར་དང་། འགྲོ་ལམ་ཐོག་གི་འདམ་རྫབ་གཤོང་བ། རྒུད་སྐྱོབ་དངོས་ཟོག་འགན་ལེན་སོགས་ཀྱི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་བ་རེད།

    ཟླ་8ཚེས་29ཉིན་གྱི་ཕྱི་དྲོ། བོད་དམག་ཁུལ་ཁང་སྐམ་དམག་མཁའ་འགྲུལ་སྟོང་ཤོག་ཅིག་གིས་ཐད་འཕུར་གནམ་གྲུ་གཉིས་བཏང་ནས་སྐྱིད་གྲོང་འགག་སྒོར་རྒུད་སྐྱོབ་དངོས་ཟོག་བསྐྱལ་བ་རེད། གནམ་གྲུ་གཉིས་ཀྱི་དཔུང་རུ་དེ་ས་མཐོའི་གནམ་ཐང་ཞིག་ནས་འཕུར་ཏེ་སྐྱིད་གྲོང་གྲོང་རྡལ་དུ་འབྱོར་རྗེས་མགྱོགས་མྱུར་དངོས་ཟོག་བླུགས་ནས་སྐྱིད་གྲོང་འགག་སྒོའི་གེགས་ཁུལ་གྱི་ལྟེ་བའི་ས་ཁོངས་སུ་འཕུར་ཡོད། དཔུང་རུ་དེ་ཉིན་དེའི་ཆུ་ཚོད་15ཙམ་ལ་གེགས་ཁུལ་གྱི་ལྟེ་བའི་ཁུལ་གྱི་སྔོན་གཏན་འཁེལ་བའི་ས་ཁོངས་སུ་འབྱོར་རྗེས་འཐབ་ས་དང་པོའི་རོགས་སྐྱོབ་མི་སྣར་མཁའ་ཐོག་ནས་སྲིང་བལ་ཉལ་ཆས་དང་། གྱོན་གོས། བཟའ་བཅའ། དུག་སེལ་གཤེར་ཁུ་སོགས་རོགས་སྐྱོབ་ཀྱི་འཕྲལ་མཁོའི་དངོས་ཟོག་བསྐྱལ་བ་རེད།

    སྐྱིད་གྲོང་གྲོང་རྡལ་གྱི་གནས་སྐབས་ལས་སྒྲུབ་ས་ཚིགས་སུ་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གཞིས་རྩེ་ཉིང་ལག་རུ་ཁག་གིས་དཔོན་དམག་སྒྲིག་འཛུགས་བྱས་ནས་འགན་ལེན་གཡུལ་ས་བརྟན་སྲུང་བྱས་ཏེ་རྒུད་སྐྱོབ་དངོས་ཟོག་དང་ལེན་དང་། འདོན་འཇུག རིགས་དབྱེ། ལེགས་སྒྲིག དུག་སེལ་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབས་ནས་རོགས་སྐྱོབ་དངོས་ཟོག་མགྱོགས་མྱུར་དང་གནད་སྨིན་ངང་གེགས་ཁུལ་མང་ཚོགས་ཀྱི་ལག་ཏུ་འབྱོར་བའི་འགན་ལེན་བྱས་ཡོད། སྐྱིད་གྲོང་གྲོང་རྡལ་གྱི་བཀོད་སྒྲིག་བྱ་ཡུལ་ཞིག་ཏུ་བོད་ལྗོངས་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་དེ་གར་གནས་སྤོ་བཀོད་སྒྲིག་བྱས་པའི་ཆ་སྒྲིག་རོགས་སྐྱོར་གྱི་གྲོང་ཚོའི་མང་ཚོགས་ལ་སྐོར་སྐྱོད་སྨན་བཅོས་བྱས་པ་དང་། ས་མཐོའི་རྒྱུན་ཐོན་ནད་གཞི་དང་དེ་བཞིན་གེགས་རྗེས་ཀྱི་ཐོན་སླ་བའི་ནད་གཞིར་དམིགས་ནས་དཔོན་དམག་ཚོས་བརྟག་དཔྱད་ཞིབ་ཚགས་དང་སྨན་སྤྲད་དེ་མང་ཚོགས་ལ་དུས་ཐོག་ཏུ་སྨན་བཅོས་ཐུབ་པའི་འགན་ལེན་བྱས་པ་རེད།

    མིག་སྔར་མི་སྣ་འཚོལ་སྐྱོབ་དང་གཙོ་གནད་ཉེན་ཁ་གྲལ་བཤེར་སོགས་རོགས་སྐྱོབ་ལས་དོན་སྔར་བཞིན་ཛ་དྲག་ལ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།