གསར་འགོད་པའི་ཡུལ་དངོས་ཀྱི་མྱོང་བ།
མིག་སྔའི་ཆུ་རུད་ཀྱི་ཉེན་སྐྱོབ་ཐད་ཡང་སྙིང་དཀའ་ངལ་ག་ཚོད་ཡོད་མིན་ཉམས་ལེན་བྱས་པ།
ཟླ་8ཚེས་28ཉིན་ནས་བཟུང་། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཁག་གསུམ་ལ་བགོས་ནས་འཚོལ་སྐྱོབ་དཔུང་ཁག་དང་མཉམ་དུ་སྐྱིད་གྲོང་འགག་སྒོའི་ཆུ་རུད་ཀྱི་གནོད་འཚེ་ཕོག་ཁུལ་ལྟེ་བར་བསྐྱོད་དེ། ད་རེས་ས་མཐོའི་རྒུད་སྐྱོབ་ལ་འཕྲད་པའི་དཀའ་ཉེན་སྣ་ཚོགས་ལ་ལྟ་ཞིབ་བྱས།
རྐང་ཐང་མར་བསྐྱོད་དུས། ལམ་ཆད་པ་དང་འཕྲིན་གཏོང་བརྡ་རྟགས་མེད་པ་སོགས་གོམ་པ་རེ་རེའང་ཚོད་བགམ་གྱིས་ཁེངས་པ།
ཚེས་28ཉིན་གྱི་སྔ་དྲོའི་ཆུ་ཚོད་7པར། མཱ་ཞའོ་ཡན་གྱིས་རོགས་སྐྱོབ་དཔུང་ཁག་དང་མཉམ་དུ་སྐྱིད་གྲོང་གྲོང་རྡལ་ནས་ཐོན་པ་དང་ས་ལེ་ཤང་ལ་བི་གྲོང་ཚོ་བརྒྱུད་རྐང་ཐང་མར་གནོད་འཚེ་ཕོག་ཁུལ་ཕྱོགས་སུ་བསྐྱོད། གྲོག་རོང་དོག་ལ་གཡང་གཟར་ཞིང་། རོགས་སྐྱོབ་རུ་མིས་རྒྱ་མ་བཅུ་ཕྲག་ཁ་ཤས་ཡོད་པའི་སྒྲིག་ཆས་སྒལ་པར་འཁུར་ཞིང་། རུ་སྟར་གཅིག་ལ་བྱས་ཏེ་བསྐྱོད་ནས་སྡོང་ཐུང་སྐྱེ་ཤིང་དང་བྲག་རྡོས་ཁེངས་པའི་རི་ཁར་དལ་གྱིས་འགྲིམས། དགོང་མོའི་ཆུ་ཚོད་7པ་ཙམ་ལ་རྒྱབ་ཕྱོགས་ཀྱི་གསར་འགོད་པ་དང་ཁོང་དབར་ལ་གཞི་ནས་འབྲེལ་བ་བྱུང་། ལམ་ཐག་ཧ་ཅང་རིང་བས་ཕྱི་རོལ་དུ་སྒར་བརྒྱབ་སྟེ་བཀའ་བསྒུགས་ནས་སྡོད་རྒྱུ་ལས་མ་འདས།
གནོད་འཚེས་འགྲོ་ལམ་དང་། གློག འཕྲིན་གཏོང་གསུམ་པོ་ཡོངས་སུ་ཆད། གསར་འགོད་པས་ཤེས་རྟོགས་བྱུང་བར། འགག་སྒོའི་མཐིལ་དུ་སྔར་བཞིན་བརྡ་རྟགས་མེད་ཅིང་། ལམ་གང་དུ་ཤར་གཏོང་ཐུབ་ན་བརྡ་རྟགས་གཞི་ནས་དེ་རུ་སྣུར་སྲིང་ཐུབ། འཚོལ་སྐྱོབ་ཚོགས་ཆུང་ལུང་ཤུར་དུ་འབྱོར་རྗེས་ཕན་ཚུན་འབྲེལ་བ་བྱེད་པར་སྲུང་སྐར་མཐའ་སྣེར་བརྟེན་ནས་སྐད་བརྡ་ཙམ་གྱི་འབྲེལ་བ་བྱ་རྒྱུ་ལས་མེད།
མགོ་ཐོག་ཏུ་དཔྱངས་པའི་ཉེན་ཁ། འཁྱིལ་མཚོ་དང་ཞོར་ཐོན་གནོད་འཚེའི་ཉེན་ཁ་སྣ་ཚོགས་ཀྱིས་ཁེངས་པ།
འཁྱིལ་མཚོ་ནི་སྨད་རྒྱུད་ཀྱི་མགོ་ཐོག་ཏུ་དཔྱངས་པའི‘དུས་བཀག་འབར་མདེལ’ཞིག་དང་མཚུངས་ལ། ཆར་པ་བསྟུད་མར་བབས་ནས་རགས་ཁ་ཤོར་བའི་ཉེན་ཁ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན། གལ་སྲིད་རགས་ཁ་ཤོར་ཚེ་སྨད་རྒྱུད་ཀྱི་རོགས་སྐྱོབ་སྒར་ས་དང་སྐབས་འཕྲལ་གྱི་བགྲོད་ལམ་ཚང་མ་ཆུས་འཁྱེར་རྒྱུ་ཉག་ཅིག་རེད། ཟླ་8ཚེས་28ཉིན་མི་མེད་གནམ་གྲུས་ལྟ་ཞིབ་ཚད་ལེན་བྱེད་སྐབས་མཐོང་བར། ད་དུང་འཁྱིལ་མཚོའི་ཕྱོགས་སུ་འཁྱགས་རྡོག་ལྷུངས་ཡོང་ནས་ཆུ་རགས་ལ་ཉེན་ཁ་བཟོ་ཉེན་སྔར་བས་ཆེ་རུ་འགྲོ་བ་དང་ཆབས་ཅིག ཆར་པ་བསྟུད་མར་བབས་ནས་ཞོར་ཐོན་གནོད་འཚེ་བྱུང་ཉེན་ཡང་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད།
“རོགས་སྐྱོབ་ཀྱི་ཇུས་གཞི་གཅིག་ཁོ་ནས་གོ་མི་ཆོད”ཁྲེན་པིན་གྱིས་འཚོལ་སྐྱོབ་བྱེད་སྐབས་ངེས་པར་དུ་མྱུལ་ཞིབ་བྱེད་ཀྱིན་བརྡར་ཤ་གཅོད་པ་དང་འཚོལ་སྐྱོབ་བྱེད་ཀྱིན་དོགས་ཟོན་བྱེད་དགོས་པ་མ་ཟད། ད་དུང་ལས་སྒྲུབ་ཀྱི་ཁྱབ་ཁོངས་དང་མི་སྣ་ཕྱིར་འཐེན་གྱི་ལམ་ཐིག་བབ་བསྟུན་ལེགས་སྒྲིག་བྱས་ཏེ། ཚེ་སྲོག་མྱུར་སྐྱོབ་དང་རོགས་སྐྱོབ་མི་སྣའི་བདེ་འཇགས་སྲུང་སྐྱོང་བྱེད་པའི་དབར་དོ་སྙོམས་ཡོང་བ་བྱེད་དགོས་ཞེས་ནན་བཤད་བྱས།
འདམ་བག་དང་ཕ་བོང་ཆེན་པོས་ས་ངོས་བཀབ་པས། འཚོལ་སྐྱོབ་བྱེད་པར་དཀའ་ཉེན་ཆེན་པོ་འཕྲད་པ།
ཤེས་རྟོགས་བྱུང་བར་གཞིགས་ན། ལུང་ཤུར་དུ་བྲག་རྡོ་དང་། བྱེ་འདམ། ས་མྱགས་བཅས་ཕུང་གསོག་ཐེབས་ཤིང་། འཁྱིལ་གསོག་ཐེབས་ས་གཙོ་བོར་གཏིང་ཚད་སྨི་1.5ཡན་ཟིན་པ་དང་ཆ་ཤས་སུ་སྨི་3ལྷག་ཙམ་ཟིན་པས་འཕྲུལ་ཆས་ཆེ་གྲས་དེ་གར་བཏང་ཚེ་དིམ་ཉེན་ཆེན་པོ་ཡོད་ལ་ལས་སྒྲུབ་དེ་བས་དཀའ། དེ་མུར་ཉིལ་ཡོང་བའི་ཆུ་རུད་ཀྱིས་གྲོང་རོང་བསྣུབས་ནས་སྡོད་ཁང་ཆུས་འཁྱེར་བ་དང་ཐོར་ཞིག་སོང་བས་ཉེན་གྱར་མི་སྣ་འཚོལ་སྐྱོབ་བྱེད་པ་དེ་འདམ་རྙོག་ནང་ནས་ཁབ་འཚོལ་བ་ལྟ་བུ་ཡིན་པ་སྨོས་ཅི་དགོས།
ས་མཐོའི་ཁོར་ཡུག་ནི་མིའི་ལུས་པོའི་ངོས་ནས་བརྗོད་ན་ཚོད་བགམ་ཤིན་ཏུ་ཆེན་པོ་ཞིག་རེད། ནུས་ཤུགས་ཡོད་རྒུས་འབྲེལ་བ་ཆད་པའི་མི་སྣ་འཚོལ་དགོས་ཀྱི་ཡོད་ལ། འཐབ་ས་དང་པོའི་རོགས་སྐྱོབ་མི་སྣའི་བདེ་འཇགས་ལ་དེ་བས་སྲུང་སྐྱོང་ཡག་པོ་བྱེད་དགོས་ཀྱི་ཡོད”བོད་ལྗོངས་སློབ་ཆེན་བཟོ་སྐྲུན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་དབྱང་ཁྲེང་ཡེ་ཡིས། ས་གནས་ས་ཐོག་ཏུ་ཚན་རིག་དང་མཐུན་པའི་ངང་སྐྱོབ་རོགས་དང་བདེ་འཇགས་ངང་སྐྱོབ་རོགས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཡང་ཟོར་ཅན་གྱི་ཚོགས་ཆུང་རེས་མོས་ཀྱིས་ལས་སྒྲུབ་བྱེད་སྟངས་ཁྱབ་གདལ་བཏང་ནས། མགྲོན་ཁང་དང་ཉལ་ཁང་སོགས་མི་སྣ་གཅིག་སྡུད་ཆེ་བའི་གཙོ་གནད་ས་ཁོངས་སུ་སྔོན་ལ་གྲལ་བཤེར་བྱེད་དགོས་པ་དང་ཆབས་ཅིག འབྲེལ་བ་ཆད་པའི་མི་སྣའི་ཆ་འཕྲིན་དང་ཕྱོགས་མང་བསྡུར་ཞིབ་ཀྱི་ཐབས་ལ་བརྟེན་ནས་འབྲེལ་བ་ཆད་པའི་མི་སྣ་བཙལ་འཚོལ་བྱེད་རྒྱ་ཆུང་དུ་གཏོང་དགོས་ཤིང་། ཚེ་སྲོག་ཡོད་ཚད་ཚང་མར་གཅེས་སྤྲས་དང་རེ་བ་ཕྲན་བུ་ལས་མེད་ནའང་བློས་གཏོང་གཏན་ནས་མི་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཚད་ཡོད་ཀྱི་མི་ཤུགས་དང་དངོས་ཤུགས་ཚང་མ་འཚོ་གནས་ཐུབ་སྲིད་པའི་གནས་སུ་འདོན་དགོས་པའི་གྲོས་འགོ་བཏོན།
ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་དངོས་འཐབ་བྱས་པ། ས་མཐོའི་གྲོག་རོང་དུ་དུས་ཚོད་དམ་འཛིན་གྱིས་མི་སྣ་འཚོལ་སྐྱོབ་གང་ཐུབ་བྱས་པ།
མིག་སྔར་ཆེད་ལས་རོགས་སྐྱོབ་རུ་ཁག་ཁག་དང་པོ་འགག་སྒོའི་ལྟེ་བའི་གནོད་འཚེ་ཕོག་ཁུལ་དུ་འབྱོར་ཞིང་། ཁོང་ཚོས་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་ལེབ་བཤེར་རྣམ་པའི་གྲལ་བཤེར་བྱེད་བཞིན་ཡོད། འཐབ་ས་མདུན་མའི་བཀོད་འདོམས་པུའུ་རུ་གནམ་གཤིས་དང་། ཆུ་དཔྱད། ས་གཤིས་བཅས་ཕྱོགས་མང་ལྟ་ཞིབ་ཚད་ལེན་གྱི་ཆ་འཕྲིན་དུས་ཐོག་ཏུ་ཕྱོགས་བསྡུས་བྱས་ཏེ། ས་གནས་ས་ཐོག་ཏུ་འཚོལ་སྐྱོབ་དང་ཉེན་ཁ་ཐོན་ཚེ་ཕྱིར་འཐེན་བྱ་རྒྱུར་ཚན་རིག་དང་མཐུན་པའི་ཐབས་ཇུས་ཀྱི་འདེགས་སྐྱོར་བྱེད་བཞིན་ཡོད།
ཁྲེན་པིན་གྱིས། ཉེན་སེལ་རྒུད་སྐྱོབ་བྱེད་པར་དུས་ཚོད་དམ་འཛིན་བྱེད་དགོས་ལ་གནོད་འཚེ་རིམ་འགྱུར་གྱི་ཆོས་ཉིད་ལའང་བརྩི་འཇོག་བྱས་ནས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུ་དེ་བྱ་སྤྱོད་ཀྱི་མདུན་གྲལ་དུ་འཇོག་དགོས། ཕྱིས་སུ་ཧི་མ་ལ་ཡའི་རི་མཐོའི་གྲོག་རོང་ཁུལ་དུ་ད་དུང་འཁྱགས་རོམ་དང་། འཁྱགས་མཚེའུ། རི་གཟར། དེ་བཞིན་རྒྱལ་སྒྲོལ་ཆུ་བོ་སོགས་གཙོ་གནད་ས་ཁོངས་ཀྱི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་སྔར་བས་ཤུགས་སྣོན་བརྒྱབ་སྟེ། རང་བྱུང་གནོད་འཚེའི་རྒྱུན་མཐུད་དབྱེ་འབྱེད་དང་ཕྱོགས་བསྡུས་བརྡར་གཅོད་ནུས་པ་ཆེ་རུ་བཏང་ནས་མཐའ་མཚམས་རི་མཐོའི་གྲོག་རོང་ཁུལ་གྱི་གནོད་འཚེ་འགོག་ཟོན་དང་འཕྲལ་སྡོམ་ཐག་གཅོད་བྱེད་པར་དེ་བས་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་བཤད།
རེ་བ་ཏིལ་འབྲུ་ཙམ་ལས་མེད་ཀྱང་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བཏོན་ནས་འཚོལ་སྐྱོབ་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།