དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱིད་གྲོང་གྲོང་རྡལ་ས་ལེ་ཤང་གི་གྱེས་ཕུག་གྲོང་ཚོར་གནས་སྤོ་བཀོད་སྒྲིག་བྱ་ཡུལ་དུ་བཅར་འདྲིར་བསྐྱོད་པ།

    མཐའ་མཚམས་གྲོང་ཚོར་དྲོ་སྐྱིད་ཀྱི་རྣམ་པས་ཁེངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-31

    ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས། ཚང་མས་ཤུགས་རྐྱེན་ཐེབས་པའི་མང་ཚོགས་ཀྱི་གནས་སྤོ་བཀོད་སྒྲིག་ལས་དོན་ལ་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཟླ་8ཚེས་29ཉིན། འདི་ག་ཚགས་པར་གྱི་གསར་འགོད་པ་སྐྱིད་གྲོང་གྲོང་རྡལ་གྱེས་ཕུག་གྲོང་ཚོའི་མང་ཚོཌ་གནས་སྤོ་བཀོད་སྒྲིག་བྱ་ཡུལ་དུ་བསྐྱོད་དེ། མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་སྐོར་ལ་བཅར་འདྲི་བྱས་པ་ཡིན།

    “ལྟོ་ཆས་ཞིམ་པོ་འདུག་ལ་སྡོད་ས་ཡང་སྐྱིད་པོ་འདུག འདི་གར་ང་ཚོ་བློ་ཧ་ཅང་བདེ་པོ་འདུག”ཅེས་ཚེ་བརྟན་དོན་གྲུབ་ཀྱིས་བརྗོད། སེར་ཆུང་གྲོང་ཚོའི་ཡུལ་མི་སྡོད་སའི་སྐྱིད་གྲོང་མཆོག་བཟང་ཁྱིམ་ཚང་མགྲོན་ཁང་དུ། ང་ཚོ་ཚེ་བརྟན་དོན་གྲུབ་དང་འཕྲད་ཅིང་། ཁོང་གིས་སེམས་རྩ་འཁོལ་པོས་ཁོང་བློ་ཡིད་ཧ་ཅང་ཚིམ་པའི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་ང་ཚོ་ལྟ་སྐོར་ལ་ཁྲིད་བྱུང་།

    གནོད་འཚེ་ཐོན་མ་ཐག ལ་བི་གྲོང་ཚོའི་ཀྲུང་རེན་སྤེན་པ་ཡིས་འགན་འཁྲི་ཕྲག་ཏུ་ཁུར་ཏེ། འཕྲལ་མ་ཉིད་དུ་གྲོང་ཚོའི་སྐད་འཕྲིན་ཚོགས་པའི་ནང་ཡུལ་མི་ཚང་མ་གྲོང་ཚོའི་ཐང་སྡེར་དུ་བསྒུགས་ནས་སྡོད་དགོས་པའི་བརྡ་ཐོ་བཏང་།

    སེར་ཆུང་གྲོང་ཚོ་དང་ལ་བི་གྲོང་ཚོ་ས་བབ་ཅུང་མཐོ་བས། སྡོད་ཁང་ལ་གཏོར་སྐྱོན་ཕོག་མེད། འོན་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། སྐྱིད་གྲོང་རྫོང་གིས་མགྱོགས་མྱུར་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་ཏེ། ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་མང་ཚོགས་འཕྲལ་མར་གནས་སྤོས་བྱས་པ་རེད།

    ཆ་རྐྱེན་ཡག་པོ་མེད་པར་གཞིགས་ནས་ཉིན་གཉིས་པར་སེར་ཆུང་གྲོང་ཚོ་དང་ལ་བི་གྲོང་ཚོའི་མང་ཚོགས་160ལྷག་ཙམ་སླར་ཡང་གྱེས་ཕུག་གྲོང་ཚོར་བདེ་འཇགས་ངང་གནས་སྤོ་བཀོད་སྒྲིག་བྱས་པ་རེད།

    གྱེས་ཕུག་གྲོང་ཚོ་ནི་སྐྱིད་གྲོང་གྲོང་རྡལ་དང་བར་ཐག་སྤྱི་ལེ་3ཡང་མི་ཟིན་པས། འཚོ་བ་སྟབས་བདེ་པོ་ཡོད་པ་དང་གྲོང་ཚོ་ཡོངས་ཀྱི་མི་ཚང་19ཡིས་དམངས་སྲོལ་གནས་ཚང་བཙུགས་ཡོད་པས་སྡོད་སའི་ཆ་རྐྱེན་ཡག་པོ་ཡོད་པ་རེད།

    གུང་ཟས་དུས་སུ། དངོས་ཟོག་མཁོ་སྤྲོད་འགན་ལེན་རླངས་འཁོར་ཞིག་གཅིག་སྡུད་ཟ་མ་ཟ་ཡུལ་དུ་ཁ་བཀག་ནས་བསྡད་ཡོད་པ་དང་། ཁན་སྦྱར་དམར་པོ་གྱོན་པའི་ལས་བྱེད་པ་དང་དང་བླངས་པས་ཐུམ་སྒྲིལ་ཞིབ་ཚགས་པོ་བརྒྱབ་པའི་ཕོར་ཟས་བགོ་བཤའ་རྒྱག་བཞིན་ཡོད་པ་རེད།

    ལས་བྲེལ་ཆེ་བའི་མི་ཚོགས་ཁྲོད་དུ་སྤེན་པ་ཡང་ཡོད་ཅིང་། ལག་ཐོགས་ཁ་པར་བརྒྱུད་ཁོང་དང་འབྲེལ་བ་བྱེད་མཁན་མཚམས་ཆད་རྒྱུ་མེད། ཉིན་དེ་གཉིས་ནང་ཁོང་ཉིན་ལྟར་ཆུ་ཚོད་གཅིག་གཉིས་ལས་ཉལ་ཁོམ་བྱུང་མེད། ཉིན་མོ་ལས་ལ་བྲེལ་ནས་མགོ་འཁོར་བ་དང་མཚན་མོ་བསམ་བློ་འདྲ་མིན་སྣ་ཚོགས་འཁོར་ནས་གཉིད་ཁུག་ཐབས་བྲལ། བསམ་བློ་བཏང་དྲགས་པའི་རྐྱེན་གྱིས་གནས་བཟོད་མི་བདེ་བར་གྱུར། བཟའ་ཟླའི་གཉེན་ཉེ་གཉིས་ད་བར་འབྲེལ་བ་ཐུབ་མེད་པ་རེད།

    ཁོང་གིས“མང་ཚོགས་ཚང་མ་བཀོད་སྒྲིག་ཡག་པོ་བྱུང་ན་ང་རང་ཡང་བློ་བདེ་པོ་ཡོང་བ་འདུག”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།