ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་བོད་ལྗོངས་སྐྱིད་གྲོང་གི་གེགས་སེལ་འཐབ་ས་དང་པོར་རྒྱུན་མཐུད་འབད་འཐབ་བྱེད་བཞིན་པ།
ཉེན་སེལ་རོགས་སྐྱོབ་ཀྱི་ལས་དོན་ཛ་དྲག་ལ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ།
ཟླ་8ཚེས་26ཉིན་གྱི་སྔ་དྲོར། ནེ་པ་ལའི་ཕྱོགས་སུ་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་ཐོན་ཡོད།
གནོད་འཚེ་ཐོན་རྗེས་ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་མར་མཛུབ་སྟོན་གལ་ཆེན་གནང་ནས་ཉེན་སེལ་རོགས་སྐྱོབ་དང་འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ལས་དོན་སྐོར་ལ་བླང་བྱ་ཁ་གསལ་བཏོན་གནང་ཡོད། ཟླ་8ཚེས་28ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། ཚོགས་འདུའི་ཐོག“འབྲེལ་ཡོད་ཕྱོགས་ཁག་གིས་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་བློ་ཐག་ཆོད་ལ་ནུས་ལྡན་གྱི་བྱ་ཐབས་དང་ཚན་རིག་དང་མཐུན་ལ་ཕན་འབྲས་ཆེ་བའི་ཐབས་ཤེས་སྤྱད་ནས་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས”ཞེས་ནན་བཤད་གནང་བ་རེད།
ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་ཚོགས་ཆུང་གི་མཛུབ་ཁྲིད་འོག བོད་རང་སྐྱོང་ལྗོངས་དང་འཕྲལ་སྡོམ་དོ་དམ་པུའུ་སོགས་འབྲེལ་ཡོད་སྡེ་ཚན་དང་། མེ་གསོད་རོགས་སྐྱོབ་དཔུང་ཁག ཀྲུང་གོ་ཨན་ནེང་སོགས་ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་ཀྱིས་འཕྲལ་མར་བྱ་སྤྱོད་སྤེལ་བ་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་བཀའ་འབྱོར་འཕྲལ་སྒྲུབ་དང་དུས་ཐོག་ཏུ་དམིགས་སར་འབྱོར་ཏེ་ཉེན་སེལ་རོགས་སྐྱོབ་ལས་དོན་ཛ་དྲག་ལ་གོ་རིམ་ལྡན་པའི་ངང་སྤེལ་ཏེ། མང་ཚོགས་བཀོད་སྒྲིག་དང་རྗེས་མཐུད་ཀྱི་ལས་དོན་ཁག་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད།
མི་གཅིག་ཀྱང་མ་ལུས་པར་མང་ཚོགས་བཀོད་སྒྲིག་གང་མགྱོགས་བྱས་པ་རེད།
སྐྱིད་གྲོང་རྫོང་ས་ལེ་ཤང་སེར་ཆུང་གྲོང་ཚོར། ཏང་ཡོན་ལས་བྱེད་པས་དུད་ཚང་རེ་རེའི་སྒོ་བརྡུངས་ཏེ་རྒན་རྒོན་དང་ཕྲུ་གུ་གཅིག་ཀྱང་མ་ལུས་པར་ཚང་རྩིས་ཡང་ཡང་བྱས་ཤིང་། ཉིན་དེའི་དགོང་མོ་ཡུལ་མི་བསོད་ནམས་དང་ནང་མི་གུར་ནང་སྤོས་པ་མ་ཟད། འཚོ་བའི་མཁོ་ཆས་དང་ལྟོ་ཆས་ཚ་པོ་རག་ཡོད། མཚན་མོ་དེར་གུར་གྱི་ཕྱི་ལ་གྲང་རླུང་ལྡང་ཡང་གུར་ནང་དུ་མི་རྣམས་དྲོ་སོབ་སོབ་ངང་གནས།
ཉིན་གཉིས་པའི་ཕྱི་དྲོར་བསོད་ནམས་ཀྱི་ནང་མི་དང་ཡུལ་མི་གཞན་དག་སྐྱིད་གྲོང་གྲོང་རྡལ་གྱེས་ཕུག་གྲོང་ཚོའི་དམངས་སྲོལ་གནས་ཚང་དུ་སྤོས་ནས་སྡོད་ས་དེ་བས་བརྟན་པོ་ཞིག་བྱུང་ཡོད། དུས་ཐུང་ཉིན་གཉིས་ནང་གནས་སྤོ་ཐེངས་གཉིས་བྱས་ཀྱང་སྤོ་ཐེངས་གཅིག་ལས་གཅིག་བློ་བདེ་བ་བྱུང་ཡོད། བསོད་ནམས་ཀྱིས“ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན། རྒྱུན་གཏན་གྱི་འཚོ་བ་སྔ་ཙམ་སླར་གསོ་ཐུབ་པའི་རེ་བ་ཡོད”ཅེས་བཤད།
ཟླ་8ཚེས་28ཉིན་བར་བཅའ་སྡོད་དཔུང་སྡེ་དང་། དྲག་ཆས་ཉེན་རྟོག མེ་གསོད། སྤྱི་བདེ། སྨན་དོན་མི་སྣ་སོགས་རོགས་སྐྱོབ་སྟོབས་ཤུགས་སྣ་ཚོགས་ཀྱི་མི་2096རྒུད་སྐྱོབ་ནང་ཞུགས་ཡོད། ཉེན་ཁ་ཡོད་པའི་ས་ཁོངས་ཀྱི་མང་ཚོགས་499ཚང་མ་གནས་སྐབས་བཀོད་སྒྲིག་བྱ་ཡུལ་4རུ་སྤོས་པ་དང་། དེ་གར་ལུས་པའི་ཡུལ་སྐོར་བ་555ཁ་འགྲེམས་གནས་སྤོ་བྱས་ཡོད།
དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ་དམིགས་བསལ་གྱི་བྱ་ཐབས་སྤྱད་པ་རེད།
སྐྱིད་གྲོང་ལུང་ཤུར་དུ་འགྲོ་ལམ་གྲོག་རོང་དང་ཐག་ཉེ་ཞིང་རི་མཐོ་ལ་གཡང་གཟར་པོ་ཡོད། ཤུགས་དྲག་ཆེ་བའི་ཆུ་རུད་ཀྱིས་ལམ་གཞི་ཧྲིལ་པོ་ཐལ་བའི་རྡུལ་དུ་བརླགས་པ་དང་ལམ་དུམ་ཁག་གཅིག་རྦད་དེ་བསྣུབས་པས་ལམ་གཞིའི་ཤུལ་ཡང་རྙེད་ཁག་པོ་ཡོད། ས་ཡུལ་དངོས་ཀྱི་རོགས་སྐྱོབ་མི་སྣས་རི་བོའི་གཏིང་རིམ་ནས་གྲགས་འོང་བའི་གས་སྒྲ་ཡང་ཡང་ཐོས་ཤིང་། ཞོར་ཐོན་གནོད་འཚེ་གློ་བུར་དུ་ཐོན་པའི་ཉེན་ཁ་ཆེན་པོ་ཡོད་པ་རེད།
མཁའ་དབྱིངས་སུ་མི་མེད་གནམ་གྲུས་སྔོན་ལ་གནས་ཚུལ་རྟོག་ཞིབ་བྱས་ཏེ་ཉེན་ཁའི་གནས་ལ་རྟགས་རྒྱག་གི་ཡོད། མི་མེད་གནམ་གྲུ་ཆེ་གྲས་ཤིག་མཁའ་དབྱིངས་སུ་ལྡིང་སྐོར་རྒྱག་བཞིན་དྲག་ཏུ་རྒྱུག་པའི་ཆུ་ངོས་ནས་འཕུར་བ་དང་། བོད་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་ཉིང་ལག་རུ་ཁག་དཔལ་སྡིངས་ཤར་ལམ་ས་ཚིགས་ཀྱི་པན་ཀྲང་གཞོན་པ་རྡོ་རྗེ་མཚོ་རྒྱལ་མགྱོགས་མྱུར་ཆུ་བོའི་ཕར་ངོགས་སུ་བསྐྱལ་ནས། རྗེས་མཐུད་མི་སྣ་དང་དངོས་ཟོག་བརྒྱུད་འདྲེན་བྱེད་ཆེད་མཁའ་དབྱིངས་ཀྱི་ཚེ་སྲོག་བགྲོད་ལམ་བཏོད་ཡོད།
ཉེན་སེལ་རོགས་སྐྱོབ་བྱེད་རིང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞུམ་མེད་གདོང་མཆོང་དང་འགན་འཁྲི་ཆེན་པོ་ཕྲག་ཏུ་འཁུར་ཡོད། “ཐབས་ཤེས་གཞན་དག་ཡོད་ན་མི་མེད་གནམ་གྲུར་བརྟེན་ནས་མེ་གསོད་རུ་མི་ཆུ་བོའི་ཕར་ཕྱོགས་སུ་སྐྱེལ་བའི་བྱ་ཐབས་འདི་རིགས་གཏན་ནས་སྤྱོད་ཀྱི་མ་རེད”ཅེས་བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་ཉིང་ལག་རུ་ཁག་དཔལ་སྡིངས་ཤར་ལམ་ས་ཚིགས་ཀྱི་ཆབ་སྲིད་མཛུབ་སྟོན་པ་སྤེན་པ་ཚེ་རིང་གིས་དེ་ལྟར་བཤད་པ་དང་། ཁོང་གིས“དམིགས་བསལ་གྱི་དུས་སྐབས་ལ་དམིགས་བསལ་གྱི་ཐབས་ཤེས་སྤྱོད་རྒྱུ་རེད”ཅེས་ཐད་ཀར་བཤད།
སྐམ་སར་རོགས་སྐྱོབ་རུ་ཁག་གི་མདུན་སྐྱོད་ཚོགས་ཆུང་གིས་འགག་སྒོའི་རི་སྟེང་དུ་འཛེགས་ཤིང་། རྐང་འོག་ཏུ་སྨི་བརྒྱ་ཕྲག་ཟིན་པའི་གཅོང་རོང་གཟར་པོ་ཤ་སྟག་ཡིན་པས་ཐག་པར་བརྟེན་ནས་ཐད་ཀར་མར་བབས་པ་དང་། ཚེས་28ཉིན་གྱི་ཆུ་ཚོད་17ཙམ་ལ། གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་ས་ཁོངས་སུ་འབྱོར་ཡོད།
ཆུ་ལམ་དུ་འགྱིག་གྲུ་སྐྱིད་གྲོང་གཙང་པོར་བཏང་མ་ཐག་འཕྲལ་མར་ཆུ་རྒྱུན་དྲག་པོས་འཁྱེར་ཞིང་། རོགས་སྐྱོབ་རུ་མིས་ཐག་པར་དམ་པོར་འཇུས་པ་དང་འགྱིག་གྲུའི་ཁ་ཕྱོགས་ཚོད་འཛིན་བྱས་ནས་ཆུ་བོའི་གྱེན་དུ་བཏང་སྟེ། འདམ་རྙོག་དང་ཆུ་བོས་ལོགས་སུ་ཕྱེ་བའི་ས་ཁོངས་ལ་གྲལ་བཤེར་བྱས་པ་རེད།
ཚེས་28ཉིན་བར། ཉུང་མཐར་ཡང་མི་ཐེངས་505གནོད་འཚེ་ཕོག་པའི་ལྟེ་བའི་ཁུལ་དུ་བསྐྱོད་པ་དང་། མ་གཞི་ཉིན་ཁ་ཤས་འགོར་བའི་རོགས་སྐྱོབ་ལས་དོན་དེ་དུས་ཚོད་དམ་འཛིན་གྱིས་ཆུ་ཚོད་བཅུ་གྲངས་ཁ་ཤས་ནང་བསྒྲུབས་ཡོད་པ་རེད།
ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས་ཆུ་བོའི་སྟོད་རྒྱུད་དུ་འཁྱིལ་མཚོ་ཆགས་ནས་ཤིས་ཧུའུ་མཚེའུ་གཉིས་ཀྱི་ཆུ་བོའི་འབོར་ཚད་དང་མཚུངས་ཀྱི་ཡོད། གལ་སྲིད་རགས་ཁ་ཤོར་ཚེ་རོགས་སྐྱོབ་མི་སྣར་ཉེན་ཁ་ཧ་ཅང་ཆེན་པོ་འཕྲད་སྲིད།
ཀྲུང་གོ་ཨན་ནེང་ཅུས་གསུམ་པའི་ལག་རྩལ་རིགས་གཅིག་མཁས་ཅན་ལིན་ཀྲེན་ཁུའེ་སོགས་མི་15ཡིས་སྒྲིག་ཆས་ཁྱེར་ནས་ཀོ་པ་ནུབ་ཆུའི་ས་ཁོངས་སུ་འཁྱིལ་ཆུ་དང་དེ་བཞིན་ཉེ་འཁོར་གྱི་འགྲོ་ལམ་ལ་རྩད་ཞིབ་བྱེད་པར་བསྐྱོད་པ་རེད།
མཁའ་ཐོག་ནས་པར་བླངས་ཏེ་འདྲ་བཟོ་བྱས་པ་བརྒྱུད། འཁྱིལ་ཆུའི་རྣམ་པ་དང་། འདམ་རྙོག་གི་མཐུག་ཚད་དང་མང་ཉུང་གནད་སྨིན་ངང་ཞིབ་རྩིས་བརྒྱབ་པ་དང་། རི་ལྡེབས་ལེ་ཏ་ཡིས་ཆུ་ཚོད་24ཡི་རིང་རགས་ཁའི་གནས་ཚུལ་ལ་ལྟ་ཞིབ་བྱེད་ཀྱི་ཡོད་པ་རེད། རགས་ཁའི་ཆུ་རང་བཞིན་དུ་རྒྱུག་པ་དང་ཉེན་ཁར་ཚོད་འཛིན་ཐུབ་རྗེས་ཆུ་བོའི་སྨད་རྒྱུད་ཀྱི་འཚོལ་སྐྱོབ་ལས་དོན་མགྱོགས་མྱུར་སྤེལ་བ་རེད།
ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ཀྱིས་ཚན་རིག་དང་མཐུན་པའི་ངང་རོགས་སྐྱོབ་བྱེད་པ་དང་འཚོལ་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ། རེ་བ་ཕྲན་བུ་ལས་མེད་རུང་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།