དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ཚན་རིག་དང་མཐུན་པར་རོགས་སྐྱོབ་བྱེད་དགོས།
འགྲོ་ལམ་མྱུར་བཟོ་དང་། སྦྲེལ་ཚུགས་འཛུགས་པ། ཚན་རྩལ་བྱ་ཐབས་སྤྱད་ནས་རོགས་སྐྱོར་བྱེད་པ། ཕྱོགས་མང་པོའི་རོགས་སྐྱོབ་སྟོབས་ཤུགས་ཀྱིས་མཉམ་དུ་བྱ་སྤྱོད་སྤེལ་བ་ལ་སོགས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་ལས་དོན་ཛ་དྲག་ལ་གོ་རིམ་ལྡན་པའི་ངང་སྤེལ་མུས་རེད།
ད་ཐེངས་ཀྱི་ཉེན་སེལ་རོགས་སྐྱོབ་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཡོད་ཅིང་། ས་དབྱིབས་ཀྱི་ཉེན་ཁ་ཆེ་བ་དང་ཆ་རྐྱེན་སྐྱོ་བ་སོགས་ཀྱིས་རྐྱེན་པས་རོགས་སྐྱོབ་ཀྱི་དཀའ་ངལ་ནི་སྤྱིར་བཏང་མིན་པ་ཞིག་ཡོད། དམག་འཐབ་ཇི་ཙམ་དྲག་པོ་ཡོད་ན་དེ་ཙམ་གྱིས་དམག་རྒྱག་སྟངས་ལ་སྣང་ཆེན་བྱེད་དགོས་པ་དང་། གནས་ཚུལ་ཇི་ཙམ་ཛ་དྲག་ཆེ་ན་དེ་ཙམ་གྱིས་ཚན་རིག་དང་མཐུན་པའི་ཐབས་ཤེས་སྤྱོད་དགོས།
ཆོས་ཉིད་ཁོང་དུ་ཆུད་པ་དང་གོ་རིམ་ལྡན་པའི་སྒོ་ནས་ཐབས་ཇུས་ལག་ལེན་བསྟར་དགོས། ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་རང་རང་གི་ལེགས་ཆ་འདོན་པ་དང་ཕན་ཚུན་གཞོགས་འདེགས་བྱས་ཏེ། མདུན་ཕྱོགས་ནས་འཚོལ་སྐྱོབ་དང་རྒྱབ་ཕྱོགས་ནས་ཞིབ་འཇུག་བརྡར་ཤ་གཅོད་པ་དང་། མཁའ་དབྱིངས་ནས་མྱུལ་ཞིབ་ཚད་ལེན་དང་ས་ཡུལ་དངོས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་བཞིན་ཡོད། ཚན་རིག་དང་མཐུན་པའི་དགོངས་པར་བརྟེན་ནས་སྤྱི་འདོམས་བཀོད་འདོམས་དང་། བརྒྱུད་རིམ་ལྡན་པའི་བསམ་གཞིག་ལ་བརྟེན་ནས་སྒྲིག་འཛུགས་ཞིབ་ཚགས། འགན་འཁྲིར་དམ་འཛིན་ནན་པོ་བཅས་བྱས་ཏེ། ཐབས་ཤེས་ཡོད་རྒུས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་བྱས་ཚེ་གཞི་ནས་འདེགས་སྐྱོར་བརྟན་པོ་ཞིག་ཡོང་ཐུབ།
མཐའ་ཟད་དང་མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་བྱེད་དགོས། ཆེས་མི་ལེགས་པའི་གནས་ཚུལ་ལ་བསམ་གཞིག་གང་ལེགས་བྱེད་པ་དང་། ལག་རྩལ་དང་བྱེད་ཐབས་སྣ་ཚོགས་ཡག་པོ་སྤྱོད་པ། ཉེན་ཁ་ཡོད་ས་ཚང་མར་དོ་སྣང་ཆེན་པོ་བཅས་བྱས་ཏེ། འགོག་ཟོན་སྔོན་ལ་འཇོག་པ་དང་ཐག་གཅོད་སྔོན་ལ་བྱས་ཚེ། གཞི་ནས་རོགས་སྐྱོབ་ཀྱི་བརྒྱུད་རིམ་ཧྲིལ་པོའི་བདེ་འཇགས་འགན་ལེན་བྱེད་ཐུབ།
དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་བློ་ཐག་ཆོད་ལ་ནུས་ལྡན་གྱི་བྱེད་ཐབས་དང་ཚན་རིག་དང་མཐུན་ལ་ཕན་འབྲས་ཆེ་བའི་བྱེད་ཐབས་ལ་བརྟེན་ནས། ཉེན་སེལ་རོགས་སྐྱོབ་དང་འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས།
འབྲེལ་ཡོད་གསར་འགྱུར།