དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་སྤུས་རྟགས་རླངས་འཁོར་ཨ་ཧྥེ་རི་ཁའི་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧོང་ཕེ་ཀྲའོ།   |     སྤེལ་དུས།  2026-08-30

    ཨེ་ཅིབ་ཧེ་ལི་དབན་གྱི་ཅེ་ཐུའུ་རླངས་འཁོར་སྒྲིག་སྦྱོར་བཟོ་གྲྭར་ལག་རྩལ་པ་ཞིག་གིས་རླངས་འཁོར་ལ་ལག་རྩལ་བཟོ་རིམ་གྱི་ཞིབ་དཔྱད་མཇུག་ཤོས་དེ་བྱེད་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་སྤུས་རྟགས་རླངས་འཁོར་དེ་རང་ས་ཅན་གྱི་བློ་རིག་བཟོ་སྐྲུན་དང་། ཡུལ་རྣམ་ཅན་གྱི་འཚམ་སྒྲིག གཉིས་ཕན་ཅན་གྱི་མཉམ་ལས་བཅས་ཀྱི་ཐོག་ནས་ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོའི་འཕེལ་རྒྱས་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ་རླངས་འཁོར་ཆ་ཚང་ཕྱིར་གཏོང་ནས་ས་གནས་སོ་སོར་སྒྲིག་སྦྱོར་བྱེད་པ་དང་། ཁེར་རྐྱང་ཕྱིར་འཚོང་བྱེད་པ་ནས་འཁོར་འབྲེལ་ཧྲིལ་པོའི་ཞབས་ཞུའི་བར་རིམ་སྤོར་བྱུང་ཡོད། ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་ཨན་ཀོ་ལའི་རྒྱལ་ས་ལུ་ཨན་ཏའི་བར། སྤྱོད་གོ་ཆེ་བ་དང་བློས་འགེལ་ཆོག་པའི་ཀྲུང་གོའི་སྤུས་རྟགས་རླངས་འཁོར་ཨ་ཧྥེ་རི་ཁའི་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་བཞིན་ཡོད།

    “ལས་རིགས་གཅིག་པ་མི་ཉུང་བ་ཞིག་གིས་ཀྲུང་གོའི་རླངས་འཁོར་གཏོང་གི་ཡོད་ཅིང་། དངུལ་གྲོན་ཆུང་ཐུབ་ལ་དེ་བས་བློས་འགེལ་ཆོག་པ་ཞིག་འདུག”

    ཨེ་ཅིབ་ཀྱི་ཁེ་རོའི་བཅིངས་འགྲོལ་ཐང་ཆེན་དུ་རླངས་འཁོར་རྒྱུན་མི་ཆད་པ་དང་། བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ་ཝ་དབྱི་ལེ་ཡིས་བཏང་བའི་ཅི་ལི་ཏི་ཧའོ་རླངས་འཁོར་གསར་རྐྱང་དེ་ལམ་ཟུར་དུ་བཞག་ཡོད། ཨེ་ཅིབ་ཀྱི་BAMCབཟོ་གྲྭར་སྒྲིག་སྦྱོར་བྱས་པའི་རླངས་འཁོར་དེ་ཁེ་རོའི་བདལ་གཏོང་རླངས་འཁོར་དང་དྲ་འབོད་གླ་འཁོར་ཁྲོམ་རའི་རླངས་འཁོར་གཙོ་བོར་གྱུར་ཡོད།

    ཝ་དབྱི་ལེ་ཡིས། “རླངས་འཁོར་དེ་ཁུངས་མཐུག་པ་དང་། སྣུམ་གྲོན་ཆུང་བ། སྐྱོན་ཤོར་ཚད་དམའ་བ་བཅས་ཡོད་པས་ངའི་དགོས་མཁོ་དང་ཧ་ཅང་འཚམ་པོ་འདུག” རླངས་འཁོར་དེ་ཁེ་རོའི་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ་40ཟིན་པ་དང་དུས་ཡུན་རིང་པོར་མྱུར་ཚད་དལ་པོས་འཁོར་སྐྱོད་བྱེད་དགོས་པའི་ཁོར་ཡུག་འོག་སྔར་བཞིན་བརྟན་ལ་བློས་འགེལ་ཆོག་པ་ཞིག་འདུག”ཅེས་ངོ་སྤྲོད་བྱས།

    ཝ་དབྱི་ལེ་ཡིས། “ལས་རིགས་གཅིག་པ་མི་ཉུང་བ་ཞིག་གིས་ཀྲུང་གོའི་རླངས་འཁོར་གཏོང་གི་ཡོད་པས་དངུལ་གྲོན་ཆུང་ཐུབ་ལ་དེ་བས་བློས་འགེལ་ཆོག་པ་ཞིག་འདུག”ཅེས་བཤད།

    ལུ་ཨན་ཏའི་རླངས་འཁོར་ཉོ་ཚོང་ཁྲོམ་ར་ཆེ་གྲས་སུ་སྐྱོད་སྐབས་ཅེ་ཐུའུ་དང་། ཁྲང་ཨན། ཅི་ལི་སོགས་ཀྲུང་གོའི་སྤུས་རྟགས་རླངས་འཁོར་གྱིས་ཁྲོམ་ར་ཕྱེད་ཀ་ཙམ་བཟུང་ཡོད། རླངས་འཁོར་སྐོར་སྐད་ཆ་འདྲི་མཁན་དང་རླངས་འཁོར་ཉོ་བར་ཡོང་མཁན་རྒྱུན་ཆད་རྒྱུ་མེད། ཨན་ཀོ་ལའི་རླངས་འཁོར་བརྒྱུད་ཚོང་པའི་མཐུན་ཚོགས་ཀྱི་འགན་འཁུར་བ་ཧྥེར་ནན་ཏུའོ་ཡིས་ལོ་5ཡི་གོང་ས་གནས་དེ་གའི་ཁྲོམ་རའི་རླངས་འཁོར་མང་ཆེ་བ་ནི་ཡོ་རོབ་དང་ཨ་རི་དང་དེ་བཞིན་རི་པིན་གྱི་རླངས་འཁོར་ཡིན་པ་དང་། རིམ་པ་དམའ་བའི་SUVཡི་རིན་གོང་ཡང་ཧ་ཅང་མཐོ་པོ་ཡོད་པས་ཁྱིམ་ཚང་ཕལ་པས་རྩ་བ་ནས་ཉོ་ཐུབ་ཀྱི་མེད། “ཀྲུང་གོའི་སྤུས་རྟགས་རླངས་འཁོར་ཁྲོམ་རར་བཏོན་པ་དེས་རླངས་འཁོར་གྱི་རིན་གོང་དེ་བས་དམའ་རུ་ཕྱིན་ཡོད། མིག་སྔར་ཀྲུང་གོའི་སྤུས་རྟགས་རླངས་འཁོར་གྱིས་ཁྲོམ་ར་བཟུང་ཚད་60%ལས་བརྒལ་ནས་ས་གནས་དེ་གའི་རླངས་འཁོར་ཁྲོམ་རའི་རྣམ་པར་འགྱུར་ལྡོག་ཐེབས་ཡོད”ཅེས་བཤད།

    གྲངས་གཞི་ལས་མངོན་པར། 2025ལོར་ཨེ་ཅིབ་ཀྱི་ཁྲོམ་རར་ཀྲུང་གོའི་རླངས་འཁོར་ཕྱིར་ཚོང་བྱེད་ཚད་39%ཟིན་པ་དང་། ཨེ་ཅིབ་ཀྱི《གཏོར་གཟུགས་མཆོད་རྟེན་ཚགས་པར》ནང་ཀྲུང་གོའི་སྤུས་རྟགས་རླངས་འཁོར་གྱིས་ཨ་ཧྥེ་རི་ཁའི་དམངས་ཚོགས་མང་པོ་ཞིག་གི“རླངས་འཁོར་གྱི་ཕུགས་འདུན”མངོན་འགྱུར་བྱས་ཡོད་ཅེས་གདེང་འཇོག་བྱས།

    “ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་ལག་རྩལ་དང་། ཐོན་ནུས། དོ་དམ་ཉམས་མྱོང་བཅས་ཕྱོགས་ཡོངས་ནས་མཐུན་རྐྱེན་སྦྱར་བ”

    ཟླ་7ཚེས་3ཉིན། ཆི་རུའེ་རླངས་འཁོར་ལུའོ་སི་ལིན་བཟོ་གྲྭའི་ཐོན་སྐྱེད་བྱེད་འགོ་ཚུགས་པའི་མཛད་སྒོ་ལྷོ་ཨ་ཧྥེ་རི་ཁའི་སྲིད་འཛིན་རྒྱལ་ས་ཕི་རི་ཐོ་རི་ཡར་འཚོགས་པ་རེད། ཆི་རུའེ་ཡིས་རང་ས་ཅན་གྱི་ཉོ་སྒྲུབ་དང་མཁོ་སྤྲོད་འཁོར་འབྲེལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ལུའོ་སི་ལིན་བཟོ་གྲྭ་དེ་ཞིབ་འཇུག་གསར་སྤེལ་དང་། བཟོ་སྐྲུན། མཁོ་སྤྲོད་འཁོར་འབྲེལ། རྩལ་ནུས་གསོ་སྦྱོང་། ཕྱིར་གཏོང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རླངས་འཁོར་ཐོན་ལས་ཀྱི་ལྟེ་གནས་ཤིག་ཏུ་གཏོད་རྒྱུ་ཡིན་པ་རེད།

    ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་གཞོན་པ་མཱ་ཧྲ་ཏི་ལའེ་ཡིས་འགོ་ཚུགས་མཛད་སྒོའི་ཐོག་ད་རེས་ཀྱི་མ་འཇོག་ལས་ལྷོ་ཨ་ཧྥེ་རི་ཁའི་རང་འགུལ་ཅན་དང་། གྲངས་འཛིན་ཅན། སྔོན་ཐོན་བཟོ་སྐྲུན་བཅས་ཀྱི་མ་ལག་འཛུགས་སྐྲུན་བྱེད་མགྱོགས་སུ་ཕྱིན་ནས་ས་གནས་དེ་གའི་བཟོ་ལས་ཆུ་ཚད་དང་བཟོ་སྐྲུན་ལས་རིགས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་ཕྱིན་ཏེ་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་གཏོད་ནས་དཔལ་འབྱོར་འཕར་རྒྱུར་རམ་འདེགས་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།

    2025ལོའི་ཟླ་5པར། ཨེ་ཅིབ་ཀྱི་ཙུང་ལི་མཱ་ཏེ་པུའུ་ལིའི་བདེན་དཔང་འོག་ཅེ་ཐུའུ་ཡིས་ས་གནས་དེ་གའི་ཁེ་ལས་དང་ལྷུ་ལག་སྒྲིག་སྦྱོར་རྣམ་གྲངས་ལ་མིང་རྟགས་བཀོད་ནས་དོན་འཁྱོལ་བྱས་ཏེ་རླངས་འཁོར་ཆ་ཚང་ཕྱིར་གཏོང་བྱེད་པ་ནས་ས་གནས་དེ་གར་བློ་རིག་བཟོ་སྐྲུན་བྱེད་པའི་བར་གྱི་འགག་རྩའི་ཕྱོགས་སྒྱུར་བྱུང་ཡོད། མིག་སྔར་བཟོ་གྲྭ་དེའི་ཐོན་རྫས་ཨེ་ཅིབ་ཀྱི་ཁྲོམ་རར་མཁོ་སྤྲོད་བྱེད་པ་མ་ཟད། ད་དུང་སུའུ་ཏན་དང་ལི་པི་ཡ་སོགས་རྒྱལ་ཁབ་ཏུ་ཕྱིར་གཏོང་བྱས་ནས་ཨ་ཧྥེ་རི་ཁ་བྱང་མར་ཁྱབ་པའི་རླངས་འཁོར་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

    ཁེ་རོའི་ཁྲང་ཨན་རླངས་འཁོར་སྒྲིག་སྦྱོར་བཟོ་གྲྭས་ཀྱང་རང་ས་ཅན་ལ་གཞིས་ཚུགས་ནས་ཐོན་སྐྱེད་བྱེད་ཀྱི་ཡོད། ཁྲང་ཨན་རླངས་འཁོར་དབུས་ཤར་ས་རྒྱུད་དང་ཨ་ཧྥེ་རི་ཁ་བྱ་གཞག་པུའི་སྤྱི་ཁྱབ་ཅིང་ལི་ཤའོ་ཧྥེང་གིས། ད་ལོ་ཁྲང་ཨན་གྱིས་ཨེ་ཅིབ་ཀྱི་ས་གནས་དེ་གར་སྒྲིག་སྦྱོར་བྱས་པའི་འཁོར་དབྱིབས་ཨང་གཉིས་པ་འདོན་རྒྱུ་དང་2028ལོའི་གོང་རང་སའི་འཁོར་དབྱིབས་5འདོན་རྒྱུ་མ་ཟད། ཐོན་སྐྱེད་དང་། ཞིབ་འཇུག་གསར་སྤེལ། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་ཀུན་འཇོན་ཐོན་ལས་རྟེན་གཞིའང་གཏོད་རྩིས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    “དཔལ་འབྱོར་ལ་གཉིས་ཕན་བྱུང་ཡོད་ལ། མཛའ་གྲོགས་ཟམ་པ་ཡང་བསྐྲུན་པ”

    འཐུས་སྒོ་ཚང་བའི་བཙོངས་རྗེས་ཀྱི་ཞབས་ཞུ་ནི་ཀྲུང་གོའི་རླངས་འཁོར་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཞིག་རེད། ཁེ་རོ་དང་ལུ་ཨན་ཏ་སོགས་གྲོང་ཁྱེར་གྱི་ཀྲུང་གོའི་སྤུས་རྟགས་4Sཚོང་ཁང་གི་བཀོད་པ་ཚགས་དམ་པ་དང་། སྒྲིག་ཆས་ཆ་ཚང་བ། ལྷུ་ལག་འདང་ངེས་བཅས་ཡོད་པས་ས་གནས་དེ་གའི་ལག་རྩལ་པས་རླངས་འཁོར་གྱི་སྐྱོན་མགྱོགས་མྱུར་ཐག་གཅོད་ཐུབ་ཀྱི་ཡོད།

    ཨ་ཧྥེ་རི་ཁའི་ཁྲོམ་རར་བརྩོན་ཞིབ་ཟབ་མོ་བྱེད་པ་དང་ཆབས་ཅིག ཀྲུང་གོའི་རླངས་འཁོར་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་འཁུར་བཞིན་ཡོད། ཅེ་ཐུའུ་ཡིས་ཨ་ཧྥེ་རི་ཁའི་སྐྱེ་ཁམས་སྲུང་སྐྱོང་གི་སྤྱི་ཕན་རྣམ་གྲངས་ནང་ཞུགས་པ་དང་། ཁྲང་ཨན་གྱིས་རླངས་འཁོར་རིག་གནས་ཉམས་ལེན་ལྟེ་གནས་བསྐྲུན་པ། ཅི་ལི་ཡིས་སློབ་རོགས་སྤྱི་ཕན་བྱེད་སྒོ་སྤེལ་བ་བཅས་བྱས་ནས་ས་གནས་དེ་གའི་སྤྱི་ཚོགས་དང་མཉམ་འདྲེས་ཟབ་མོ་བྱས་ཏེ་ཀྲུང་ཧྥེའི་མཛའ་གྲོགས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད། ཨེ་ཅིབ་བཟོ་ལས་དང་ཚོང་དོན་པུའི་པུའུ་ཀྲང་ས་སྨིར་གྱིས། “ཀྲུང་གོའི་རླངས་འཁོར་སྤུས་རྟགས་ཀྱིས་ཨ་ཧྥེ་རི་ཁའི་རླངས་འཁོར་ཐོན་ལས་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་ཡོད། ཧྥེ་ཀྲུང་རླངས་འཁོར་ཐོན་ལས་མཉམ་ལས་ཀྱིས་དཔལ་འབྱོར་ལ་གཉིས་ཕན་བྱུང་ཡོད་ལ། མཛའ་གྲོགས་ཟམ་པ་ཡང་བསྐྲུན་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།