དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་གློག་སྒུལ་རླངས་འཁོར་ཡོ་རོབ་ཏུ་ཁྱབ་ཚད་སྔོན་དཔག་ལས་མང་བ་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-30

    འདི་ནི་ནོར་ཝེའི་རྒྱལ་ས་ཨ་སི་ལོ་རུ་འཚོགས་པའི་ཀྲུང་གོ་དང་ནོར་ཝེའི་ལྗང་མདོག་མཉམ་ལས་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པའི་རིང་། ཚོགས་ཞུགས་མི་སྣས་ཀྲུང་གོའི་སྤུས་རྟགས་ཀྱི་གློག་སྒུལ་རླངས་འཁོར་ལ་ལྟ་བཞིན་པ།

    ཡོ་རོབ་སྐྱེལ་འདྲེན་དང་ཁོར་ཡུག་མཉམ་འབྲེལ་ལྷན་ཚོགས་ཀྱི་བསྡོམས་རྩིས་ལ་གཞིགས་ན། མིག་སྔར་གོ་ལ་ཧྲིལ་པོར་བཙོངས་པའི་གློག་སྒུལ་རླངས་འཁོར་ནང་60%ཙམ་ཀྲུང་གོ་ནས་ཐོན་ཞིང་། པི་ཡ་ཏི་དང་ཅི་ལི་སོགས་ཀུང་སི་ཚང་མས་ཡོ་རོབ་ཁྲོམ་ར་གཙོ་བོར་བརྩིས་པ་མ་ཟད། ཀྲུང་གོའི་བཟོ་སྐྲུན་ཚོང་པ་ཡོ་རོབ་ཀྱི་ཁྲོམ་རར་ཞུགས་ཚད་རིགས་གཅིག་མཁས་པའི་སྔོན་དཔག་ལས་མཐོ་བ་ཡོད་པ་རེད།

    པེའོ་ཕུའུ་གོ་ལ་ཧྲིལ་པོའི་འགྲིམ་འགྲུལ་འགྲོ་སྐྱོད་ཀུང་སིས་2024ལོའི་ཟླ་10པར་ཡོངས་བསྒྲགས་བྱས་པའི་ཞིབ་འཇུག་ཁྲོད་ཀྱི་སྔོན་དཔག་ལ་གཞིགས་ན། 2034ལོར་སླེབས་སྐབས། ཀྲུང་གོའི་རླངས་འཁོར་སྤུས་རྟགས་ཀྱིས་ཡོ་རོབ་མནའ་འབྲེལ་གྱི་ཁྲོམ་རའི་ཐོབ་སྐལ་10%ཟིན་རྒྱུ་རེད། འོན་ཀྱང་ཀུང་སི་དེས་ད་ལོའི་ཟླ་4པར་ཞིབ་འཇུག་བྱས་པ་ལས་མངོན་པར། 2025ལོར་ཀྲུང་གོའི་རླངས་འཁོར་གྱིས་ཡོ་རོབ་ཀྱི་ཁྲོམ་རའི་ཐོབ་སྐལ་བཟུང་ཚད་5.8%ཟིན་པ་དེ་ལོ་གོང་མ་ལས་ལྡབ་གཅིག་འཕར་ཞིང་། སྔོན་དཔག་ལྟར་ན་2035ལོར་སླེབས་སྐབས་ཐོབ་སྐལ་བཟུང་ཚད་15.5%ཙམ་ལ་འཕར་རྒྱུ་རེད།

    གྲངས་གཞི་སྟོབས་ཤུགས་ཀུང་སིའི་གྲངས་གཞི་ལས་མངོན་པར། ཀྲུང་གོའི་སྤུས་རྟགས་ཀྱིས་ཡོ་རོབ་རྒྱལ་ཁབ་ཁག་གི་ཁྲོམ་རའི་ཐོབ་སྐལ་བཟུང་ཚད་ལ་ཁྱད་པར་ཅུང་ཆེ་ཙམ་ཡོད་ཅིང་། 2026ལོའི་ཟླ་དང་པོ་ནས་ལྔ་པའི་བར། ཀྲུང་གོའི་སྤུས་རྟགས་ཀྱིས་དབྱིན་ཇིའི་ཁྲོམ་རའི་ཐོབ་སྐལ་བཟུང་ཚད་15.7%ཟིན་པ་དང་། དེའི་རྗེས་ནི་ནོར་ཝེ་དང་། སི་ཕེན་དང་དབྱི་ཐ་ལི་རེད། པེའོ་ཕུའུ་གོ་ལ་ཧྲིལ་པོའི་འགྲིམ་འགྲུལ་འགྲོ་སྐྱོད་ཀུང་སིའི་ཅིང་ལི་མཱ་ཏིང·པེ་ནེ་ཁེས་བསྡུར་ཚད་དེ་འབྱུང་འགྱུར་ལོ་བཅུའི་ནང་མཐོ་ཤོས་15%བར་འཕར་རྒྱུའི་སྔོན་དཔག་བྱས་པ་རེད།

    —— འཇར་མན་གྱི《མུའུ་ཉི་ཧེའི་བང་ཆེན་ཚགས་པར》དྲ་ཚུགས་ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།