ཀྲུང་གོར་ཆུ་ཚོད་240ཡི་རྒྱལ་སྒྲོལ་འཁྲོལ་མཆན་མི་དགོས་པའི་རྒྱལ་ཁབ་57བར་མང་དུ་ཕྱིན་པ།
གསར་འགོད་པར་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། 2026ལོའི་ཟླ་8ཚེས་20ཉིན་ནས་བཟུང་། ཁེར་གྷི་སི་ཐན་དང་ཝེ་ཐེ་ནམ་གྱི་སྤྱི་དམངས་ཀྲུང་གོར་ཡོང་སྐབས་ཆུ་ཚོད་240ཡི་རྒྱལ་སྒྲོལ་འཁྲོལ་མཆན་མི་དགོས་པའི་སྲིད་ཇུས་དང་། ཧའེ་ནན་དུ་ཉིན་30ཡི་རྒྱལ་ཁོངས་སུ་འཛུལ་བར་འཁྲོལ་མཆན་མི་དགོས་པའི་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པ་དེ་ཐོག་ནས་ཆུ་ཚོད་240ཡི་རྒྱལ་སྒྲོལ་འཁྲོལ་མཆན་མི་དགོས་པའི་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པའི་རྒྱལ་ཁབ་57བར་མང་དུ་ཕྱིན་པ་དང་ཧའེ་ནན་དུ་ཉིན་30ཡི་རྒྱལ་ཁོངས་སུ་འཛུལ་བར་འཁྲོལ་མཆན་མི་དགོས་པའི་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པའི་རྒྱལ་ཁབ་61བར་མང་དུ་ཕྱིན་པ་རེད།
ཁེར་གྷི་སི་ཐན་དང་ཝེ་ཐེ་ནམ་གྱི་སྤྱི་དམངས་ཀྱིས་ལམ་ཡིག་དཀྱུས་མ་དང་དེ་བཞིན་དུས་ཚོད་དང་ལམ་ཐིག་གཏན་འཁེལ་བྱས་པའི་མཉམ་སྦྲེལ་འགྲུལ་བཞུད་སྤ་སེ་ཁྱེར་ཏེ་ཀྲུང་གོ་ནས་རྒྱལ་ཁབ་བམ་ཡང་ན་ས་ཁུལ་གཞན་དུ་སྐྱོད་སྐབས་པེ་ཅིང་དང་ཧྲང་ཧའེ་སོགས་ཕྱི་ཕྱོགས་སྒོ་དབྱེའི་འགག་སྒོ་65ནས་འཁྲོལ་མཆན་མི་དགོས་པར་རྒྱལ་ཁོངས་སུ་སྐྱོད་ཆོག་པ་དང་། གཏན་འཁེལ་བྱས་པའི་ས་ཁོངས་ནང་འཁྲོལ་མཆན་མི་དགོས་པར་སྡོད་རྒྱུ་ཆུ་ཚོད་240ལས་བརྒལ་མི་ཆོག གོང་གསལ་རྒྱལ་ཁབ་གཉིས་པོའི་སྤྱི་དམངས་ཀྱིས་ལམ་ཡིག་དཀྱུས་མ་འཁྱེར་ནས་ཧའེ་ནན་ཞིང་ཆེན་གྱི་ཕྱི་ཕྱོགས་སྒོ་དབྱེའི་འགག་སྒོ་ནས་རྒྱལ་ཁོངས་སུ་འཛུལ་ཆོག་པ་དང་ཧའེ་ནན་ཞིང་ཆེན་གྱི་སྲིད་འཛིན་ས་ཁོངས་ནང་འཁྲོལ་མཆན་མི་དགོས་པར་་སྡོད་རྒྱུ་ཉིན་30ལས་བརྒལ་མི་ཆོག གོང་གསལ་གྱི་འཁྲོལ་མཆན་མི་དགོས་པའི་སྲིད་ཇུས་2ལོངས་སུ་སྤྱོད་རིང་། ཡུལ་སྐོར་དང་། ཚོང་དོན། འཚམས་འདྲི། གཉེན་འཕྲད་སོགས་དུས་ཐུང་གི་བྱེད་སྒོ་སྤེལ་ཆོག་པ་དང་། ལས་ཀ སློབ་སྦྱོང་། གསར་འགྱུར་བཅར་འདྲི་སོགས་སྔོན་ལ་ཆོག་མཆན་ཐོབ་དགོས་པའི་བྱེད་སྒོའི་རིགས་ཡིན་ཕྱིན་སྔར་རྒྱུན་བཞིན་ཀྲུང་གོར་མ་ཡོང་གོང་ནས་འཁྲོལ་མཆན་འགོད་དགོས།
འབྲེལ་ཡོད་གསར་འགྱུར།