དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉེན་སེལ་རྒུད་སྐྱོབ་ཀྱི་འགག་སྒྲོལ་དམག་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོ་རྒྱག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-30

    དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་ཉེན་ཁར་འགྲན་རྒོལ་བྱས་ནས་ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་ཡུད་ཙམ་ཡང་ནར་འགྱངས་བྱེད་མི་རུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་བརྩི་སྲུང་ཞུས་ནས་འཚོལ་སྐྱོབ་འགག་སྒྲོལ་རྒྱུན་མཐུད་བྱེད་པ་དང་ཆབས་ཅིག་རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་གནོད་འཚེ་ཕོག་པའི་མང་ཚོགས་གནས་སྐབས་བཀོད་སྒྲིག་དང་། དངོས་ཟོག་མཁོ་སྤྲོད་འགན་ལེན། མངོན་མེད་རྐྱེན་ངན་གྲལ་བཤེར། འཕྲོད་བསྟེན་རིམས་འགོག་སོགས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ནུས་ཤུགས་ཡོད་རྒུས་འགན་ལེན་དང་ཞོར་ཐོན་གནོད་འཚེའི་ཉེན་ཁར་དོགས་ཟོན་ནན་པོ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བཞིན་ཡོད་པ་རེད།

    ཟླ་8ཚེས་28ཉིན་གྱི་ཐོ་རེངས་ཆུ་ཚོད་4པ་ཙམ་ལ། ལྷ་ས་མེ་གསོད་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་གི་མེ་གསོད་རོགས་སྐྱོབ་མི་སྣ་20མཚན་མོའི་སྨག་རུམ་ཁྲོད་སྐྱིད་གྲོང་གྲོང་རྡལ་ནས་ཛ་དྲག་ངང་རྡོག་ཐོན་གྱིས་སྐམ་ལམ་བརྒྱུད་དེ་སྐྱིད་གྲོང་འགག་སྒོའི་ཕྱོགས་སུ་བསྐྱོད་ཅིང་། ཞོགས་པའི་ཆུ་ཚོད་8པ་ཙམ་ལ་འཐབ་ས་དང་པོའི་འདུ་འཛོམས་བྱ་ཡུལ་དུ་འབྱོར་ཡོད། ཆུ་ཚོད་17དང་སྐར་མ་20ལ་སྔོན་སྐྱོད་རུ་མི་6སྐྱིད་གྲོང་འགག་སྒོའི་ལྟེ་བའི་ས་ཁོངས་སུ་སླེབས་ནས་མི་སྣ་འཚོལ་སྐྱོབ་དང་ཉེན་ཁའི་གནས་ཚུལ་གྲལ་བཤེར་གྱི་ལས་དོན་སྤེལ་བ་དང་། དེ་བྱིངས་ཀྱི་རུ་མི་ཚོ་ལྟེ་བའི་ས་ཁོངས་སུ་མགྱོགས་མྱུར་སྐྱོད་བཞིན་ཡོད་པ་རེད།

    ཚེས་28ཉིན་གྱི་ཆུ་ཚོད་10པར། རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་མེ་གསོད་རོགས་སྐྱོབ་དཔུང་ཁག་གིས་ཁྱོན་མི་681དང་རླངས་འཁོར་113ས་གནས་ས་ཐོག་ཏུ་རོགས་སྐྱོབ་བྱེད་པར་བཏང་བ་དང་། རོགས་སྐྱོབ་དཔུང་ཁག་གིས“ཆུ་ཐོག་དང་། སྐམ་ས། བར་སྣང”བཅས་ནས་མཉམ་དུ་སྐྱོད་པའི་བྱ་ཐབས་སྤྱད་དེ་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་ཀྱི་ལས་དོན་སྤེལ་བ་རེད། དེ་དང་ཆབས་ཅིག་ཀྲུང་གོ་རོགས་སྐྱོབ་རུ་ཁག་དང་། ཧྲང་ཧའེ་མེ་ཟོན་ཞིབ་འཇུག་སུའོ། ཀྲུང་གོ་ཨན་ནེང་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་བཅས་ནས་སྐོང་འཐེན་བྱས་པའི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་31གིས་རོགས་སྐྱོབ་ལས་དོན་སྤེལ་རོགས་བྱེད་བཞིན་ཡོད་པ་རེད།

    ཀྲུང་གོ་ཨན་ནེང་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་མྱུལ་ཞིབ་ཚད་ལེན་ཡན་ལག་རུ་ཁག་གི་མི་15ཡིས་མི་མེད་གནམ་གྲུ་དང་། སྲུང་སྐར་གྱི་འཁྱེར་བདེའི་འཕྲིན་གཏོང་སྒྲིག་ཆས། འཕྲིན་གཏོང་གི་ལྟ་སྡོམ་སྒྲིག་ཆས་སོགས་མྱུལ་ཞིབ་ཚད་ལེན་འཕྲིན་གཏོང་གི་སྒྲིག་ཆས་ཁྱེར་ནས་ཀོ་པ་རོང་ཆུའི་ས་ཁོངས་སུ་བསྐྱོད་དེ་འཁྱིལ་མཚོ་དང་དེ་བཞིན་མཐའ་འཁོར་གྱི་འགྲོ་ལམ་ལ་ས་གནས་ས་ཐོག་ནས་རྩད་ཞིབ་ཀྱིས་འཁྱིལ་མཚོ་ཚན་རིག་དང་མཐུན་པའི་ངང་གཤོང་བར་གཞི་གྲངས་གནད་སྨིན་གྱི་འདེགས་སྐྱོར་བྱས་པ་རེད།

    རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་སྐྱིད་གྲོང་གི་ཆུ་རུད་ཀྱི་གནོད་འཚེའི་ཉེན་ཁ་སེལ་བར་གློག་གཏོང་འགན་ལེན་གྱི་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་བཏང་ཞིང་། ཚེས་28ཉིན་གྱི་ཆུ་ཚོད་10པ་བར་མྱུར་བཟོ་བ་106དང་། གློག་འདོན་རླངས་འཁོར་13 གློག་འདོན་འཕྲུལ་འཁོར་52 གློག་སྒྲོན་རིགས་ཀྱི་སྒྲིག་ཆས་39བཅས་སྐྱིད་གྲོང་གྲོང་རྡལ་དུ་འབྱོར་ཡོད།

    ཆུ་གློག་ཅུས་དགུ་པའི་བོད་ལྗོངས་ཀུང་སིས་ལག་རྩལ་གྱི་རྐང་འཛིན་པ་སོགས་མི་63གྱི་འཕྲལ་སྡོམ་རོགས་སྐྱོབ་རུ་ཁག་བཙུགས་པ་མ་ཟད། རྐོ་འདྲུའི་འཕྲུལ་འཁོར་6དང་། འདོན་འཇུག་འཕྲུལ་འཁོར་3 སྐྱེལ་འདྲེན་རླངས་འཁོར་18བཅས་སྐོང་འཐེན་བྱས་པ་དང་། ཐིག་རིས་དཔྱད་ཆས་དང་། འཕྲིན་གཏོང་སྒྲིག་ཆས། གློག་ཤུགས་འགན་ལེན་སྒྲིག་ཆས། འཚོ་བའི་དངོས་ཟོག་བཅས་ཁྱེར་ནས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་གནོད་འཚེ་ཐོན་ཡུལ་དུ་ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་སྤེལ་བར་བསྐྱོད་པ་རེད།

    ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ན་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་ཀྱི་ཡོད། དེས་ན། དངོས་ཟོག་རྒྱུན་ཆད་མེད་པར་གེགས་ཁུལ་དུ་དབོར་འདྲེན་བྱེད་བཞིན་ཡོད་ཅིང་། དེ་ཡང་སི་ཁྲོན་ཧྲུན་ཧྥུང་གིས་བོད་ལྗོངས་ཡུག་ཁུལ་དང་ལྷ་ས་བརྒྱུད་འདྲེན་ལྟེ་གནས་དང་མཉམ་དུ་མི་75དང་རླངས་འཁོར་12ཡོད་པའི་འཕྲལ་སྡོམ་འགན་ལེན་རུ་ཁག་བཙུགས་ནས། སྲིད་གཞུང་གི་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་འཕྲལ་སྡོམ་རྒུད་སྐྱོབ་ཀྱི་ལས་དོན་སྤེལ་བཞིན་ཡོད་པ་རེད།

    དངུལ་རྩའི་སྒྲིག་གཞིས་རྒྱུན་མཐུད་ཤུགས་བརྒྱབ་ནས་སྐྱིད་གྲོང་རྫོང་དུ་དངུལ་ཁང་གི་ལས་ཚིགས(ཞིང་ལས་དངུལ་ཁང་དང་། ཀྲུང་གོ་དངུལ་ཁང་། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང)3བཙུགས་པ་དང་། དངུལ་སྨར་མི་དམངས་ཤོག་སྒོར་ཁྲི་3500གྲ་སྒྲིག་བྱས་ཡོད་ལ་རྒུད་སྐྱོབ་ཀྱི་དངུལ་སྨར་ཞབས་ཞུའི“ཤར་གཏོང་བགྲོད་ལམ”བཏོད་པ་མ་ཟད། སྐོར་སྐྱོད་དངུལ་རྩའི་ཞབས་ཞུ་སྒྲུབ་པ་དང་། “རྒུད་སྐྱོབ་ཞབས་ཞུའི་སྐར་ཁུང”བཙུགས་ནས་རྒུད་སྐྱོབ་མ་དངུལ་དུས་ཐོག་ཏུ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་བཞིན་ཡོད་པ་རེད།

    གསར་འགོད་པས་གསར་འགྱུར་མ་སྤེལ་གོང་བར། སྐྱིད་གྲོང་རྫོང་དུ་འཚོལ་སྐྱོབ་གྲལ་བཤེར་དང་། འདམ་རྫབ་བཤངས་ནས་ལམ་ཤར་གཏོང་བྱེད་པ། མངོན་མེད་རྐྱེན་ངན་ལ་ལྟ་ཞིབ་ཚད་ལེན། མང་ཚོགས་བཀོད་སྒྲིག དམངས་འཚོ་འགན་ལེན་སོགས་ཀྱི་ལས་དོན་ཁག་ཏན་ཏིག་སྤེལ་བཞིན་ཡོད་པ་དང་། ཕྱོགས་ཁག་གི་མི་སྣས་ལས་གནས་བརྟན་སྲུང་དང་ལས་དོན་རྒྱུན་མཐུད་སྤེལ་ནས་ཉེན་སེལ་རྒུད་སྐྱོབ་ཀྱི་འགག་སྒྲོལ་དམག་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོ་རྒྱག་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།