ཞི་ཅིན་ཕིང་གིས་ཁེར་གྷི་སི་ཐན་གྱི་སྨྱན་སྦྱོར་ཐོག་མཚན་བཀོད་རྩོམ་ཡིག་སྤེལ་གནང་བ།
ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་འབྲེལ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།
ཟླ་8ཚེས་28ཉིན། པི་སི་ཁེག་ཏུ་ཕེབས་ནས་ཁེར་གྷི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་བ་དང་འབྲེལ་2026ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་མ་ཞུགས་གོང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས《ཁེར་གྷི་སི་ཐན་གྱི་དཔྱད་གཏམ་ཚགས་པར》དང“ཁ་པཱ་ཨེར”རྒྱལ་ཁབ་འཕྲིན་གཏོང་ཁང་དུ་འགོ་བརྗོད་དུ《ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་འབྲེལ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས》ཞེས་འཁོད་པའི་མཚན་བཀོད་རྩོམ་ཡིག་སྤེལ་གནང་བ་རེད། རྩོམ་ཡིག་གི་ནང་དོན་ཆ་ཚང་གཤམ་གསལ་ཏེ།
སྟོན་དུས་ཀྱི་ནམ་མཁའ་གཡའ་དག་ཅིང་། གཡུར་ཟའི་འབྲས་བཟང་སྨིན་པའི་དུས་འདིར། ཙུང་ཐུང་ཀྲ་ཕ་ལུའོ་ཕུའི་གདན་ཞུས་ལྟར་ཕྲན་གྱིས་ཁེར་གྷི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་བྱ་རྒྱུ་མ་ཟད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་དྲུག་པར་ཞུགས་རྒྱུ་ཡིན། འདི་ནི་མཛེས་སྡུག་ལྡན་པའི་ས་གཞི་འདིར་ཕྲན་ཡོང་ཐེངས་གསུམ་པ་ཡིན། ཕྲན་གྱིས་ཙུང་ཐུང་ཀྲ་ཕ་ལུའོ་ཕུའུ་དང་མཉམ་དུ་ཀྲུང་ཁེར་འབྲེལ་བའི་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་བཀོད་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
འདི་ལོ་ནི་ཁེར་གྷི་སི་ཐན་ལ་རང་བཙན་བྱུང་ནས་ལོ་ངོ་35འཁོར་བའི་ལོ་ཞིག་རེད། ཕྲན་གྱིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ཏེ་མཛའ་མཐུན་ལྡན་པའི་ཁེར་གྷི་སི་ཐན་གྱི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན། ཀྲུང་གོས་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་དང་ཆབ་སྲིད་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་འཆམ་མཐུན་བཅས་རྒྱུན་འཁྱོངས་བྱེད་པར་སེམས་གཏིང་ནས་དགའ་པོ་བྱུང་།
ཀྲུང་གོ་དང་ཁེར་གྷི་སི་ཐན་ནི་གཅིག་ལ་གཅིག་བརྟེན་གྱི་ཁྱིམ་མཚེས་ཡག་པོ་དང་། ལས་དབང་གཅིག་མཐུན་གྱི་རོགས་ཟླ་ཡག་པོ། ཕན་ཚུནགྲུབ་འབྲས་ཐོབ་པའི་གྲོགས་པོ་བློས་ཐུབ་བཅས་རེད། རྒྱལ་ཁབ་གཉིས་པོའི་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་གནའ་བོའི་དར་གོས་ལམ་བུས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་གྱི་དཔང་པོ་བྱས་ཡོད། ཀྲང་ཆན་དང་། ཞོན་ཙང་། ལི་པའེ་སོགས་ལོ་རྒྱུས་ཀྱི་གྲགས་ཅན་མི་སྣས་ཀྲུང་ཁེར་རྒྱལ་ཁབ་གཉིས་པོའི་ཤེས་དཔལ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་མཛད་རྗེས་ལ་ད་བར་རྒྱལ་ཁབ་གཉིས་པོས་བསྔགས་བརྗོད་རྒྱ་ཁྱབ་བྱེད་ཀྱི་ཡོད།
ཕྱི་འབྲེལ་བཙུགས་ཚུན། ཀྲུང་ཁེར་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ཡོད། ཕྱོགས་གཉིས་པོའི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་ཐེག་པ་དང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་ནས་འཐབ་ཇུས་རོགས་ཟླའི་བར་དང་དེ་ནས་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་བར་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ནས་རྒྱུན་ཆད་མེད་པར་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་མངོན་ཡོད།
2025ལོའི་ཟླ་2པར། ཕྲན་དང་ཙུང་ཐུང་ཀྲ་ཕ་ལུའོ་ཕུའུ་ཡིས་ཀྲུང་ཁེར་རྒྱལ་ཁབ་གཉིས་པོའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་བ་དང་། ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་དང་དར་རྒྱས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བའི་ཀྲུང་ཁེར་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་ཚོགས་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས། ཕྱོགས་གཉིས་པོའི་འབྲེལ་བའི་ལེའུ་གསར་པ་རྩོམ་འགོ་ཚུགས་ཡོད།
—— ང་ཚོས་ཕན་ཚུན་ཡིད་ཆེས་ཐོག་ནས་འགྲོ་འོང་བྱེད་པ་དང་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་བཞིན་ཡོད། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱལ་ཁབ་ཀྱི་བདག་དབང་དང་། རང་བཙན། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་།
ཕ་རོལ་རྒྱལ་ཁབ་འཕེལ་རྒྱས་ཡོང་ཆེད་སྤྱད་པའི་སྲིད་ཇུས་དང་བྱེད་ཐབས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་དང་ཕན་ཚུན་གྲུབ་འབྲས་ཐོབ་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ན་ནིང་ཕྲན་གྱིས་ཙུང་ཐུང་ཀྲ་ཕ་ལུའོ་ཕུའུ་དང་ཐུག་འཕྲད་ཐེངས་གསུམ་བྱས་ཏེ་ཕན་ཚུན་ཚད་མཐོའི་ཡིད་ཆེས་བྱེད་པའི་ལས་ཀའི་འབྲེལ་བ་དང་མི་སྒེར་གྱི་མཛའ་གྲོགས་འབྲེལ་བ་བཙུགས་ནས་ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་ཐུན་མོང་ཐོག་སྣེ་ཁྲིད་བྱས་ཡོད།
—— ང་ཚོས་ཁེ་ཕན་མཉམ་འདྲེས་བྱས་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་བཞིན་ཡོད། ཀྲུང་ཁེར་རྒྱལ་ཁབ་གཉིས་པོར་དཔལ་འབྱོར་གྱི་ལེགས་ཆ་གསབ་རེས་དང་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། འཛམ་གླིང་གི་དཔལ་འབྱོར་འཕར་ཤུགས་ཞན་པའི་རྒྱབ་ལྗོངས་འོག ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་ཀྲུང་གོ་འདི་ཉིད་ལོ་མང་བསྟུད་མར་ཁེར་གྷི་སི་ཐན་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་དང་ཕྱི་ཕྱོགས་མ་དངུལ་ཡོང་ཁུངས་ཀྱི་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ཡོད། ཀྲུང་གོའི་ལག་ཐོགས་ཁ་པར་དང་གློག་སྒུལ་འཁོར་རིགས་ཁེར་གྷི་སི་ཐན་དམངས་ཚོགས་ཀྱི་དར་སྲོལ་གདམ་ག་ཞིག་ཏུ་གྱུར་པ་དང་ཁེར་གྷི་སི་ཐན་གྱི་སྤུས་ལེགས་ཞིང་ལས་ཐོན་རྫས་སྔར་བས་མང་བ་ཀྲུང་གོའི་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་ཡོད། ཕྱོགས་གཉིས་པོས་ཐུན་མོང་ཐོག་ཕུགས་ལ་ཕན་པ་དང་དམངས་འཚོར་ཕན་པའི་མཉམ་ལས་རྣམ་གྲངས་རབ་དང་རིམ་པ་ལག་ལེན་བསྟར་ནས་ས་གནས་དེ་གའི་དམངས་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་ཡོད། ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་དབར་གྱི་ལྕགས་ལམ་ཁེར་གྷི་སི་ཐན་གྱི་མངའ་ཁོངས་དུམ་བུར་ཕྱོགས་ཡོངས་སྐུལ་འདེད་བཏང་བས། པེ་ཏེ་ལི་འགག་སྒོར་གནས་སྐབས་མེ་འཁོར་ཤར་གཏོང་ཐུབ་པ་དང་། རྒྱལ་ཁབ་གཉིས་པོའི་ཐད་གཏོང་དུས་གཏན་གནམ་གྲུའི་འཕུར་ཐེངས་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ། ཕྱོགས་བསྡུས་སྣ་མང་གི་ཕན་ཚུན་སྦྲེལ་མཐུད་ཀྱི་དྲ་རྒྱ་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད།
—— ང་ཚོས་སེམས་པ་གཅིག་ཏུ་སྦྲེལ་ནས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་དུ་ལུའུ་པན་བཟོ་ཁང་1དང་། ཁུང་ཙི་སློབ་གླིང་4 ཁུང་ཙི་སློབ་ཁང་21བཅས་བཙུགས་ནས་ས་གནས་དེ་གའི་དམངས་ཚོགས་ཀྱིས་རྒྱ་ཡིག་དང་ཆེད་ལས་རྩལ་ནུས་སྦྱོང་བར་སྟབས་བདེ་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས“བདེ་ཐང་མྱུར་བགྲོད་རླངས་འཁོར་གྱི་འོད་སྣང་བྱ་སྤྱོད”རྣམ་གྲངས་ལག་ལེན་བསྟར་བ་དང་། ཀྲུང་ལུགས་གསོ་རིག་ལྟེ་གནས་བཙུགས་ཏེ། ཁེར་གྷི་སི་ཐན་གྱི་དམངས་ཚོགས་དེ་བས་མང་བར་རྒྱལ་ཁབ་གཉིས་པོའི་སྨན་བཅོས་འཕྲོད་བསྟེན་མཉམ་ལས་ཁྲོད་ནས་ཕན་པ་ཐོབ་པར་བྱས་ཡོད། ཕྱོགས་གཉིས་པོས་ད་དུང་རིག་གནས་ལྟེ་གནས་སོ་སོར་འཛུགས་རྒྱུའི་གྲོས་ཆོད་ལ་མིང་རྟགས་བཀོད་པ་དང་། རིག་གནས་ཉིན་མོ་དང་། གློག་བརྙན་དུས་ཆེན། སྒྱུ་རྩལ་དུས་ཆེན་བཅས་མཉམ་དུ་གཉེར་ཏེ་ལག་གདང་སྦྲེལ་ནས《མཱ་ནཱ་སི》སོགས་འཛམ་གླིང་གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ཀྱིས་ཕ་རོལ་རྒྱལ་ཁབ་ཀྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཐག་ཉེ་པོས་ཚོར་ཐུབ་པ་བྱས་པ་རེད། རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་བྱེད་ཚད་ན་ནིང་མི་ཐེངས་ཁྲི་40ལས་བརྒལ་བ་དང་། མཛའ་མཐུན་ཞིང་ཆེན་དང་། ཀྲོའུ། གྲོང་ཁྱེར་བཅས་ཆ་སྒྲིག་པའི་དབར་འགྲོ་འོང་དམ་ཟབ་བྱས་པས་ཀྲུང་ཁེར་རྒྱལ་ཁབ་གཉིས་པོའི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་གྱི་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཡོད།
—— ང་ཚོས་དྲང་བདེན་བསྲུངས་ནས་ཉེན་ཁ་དང་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་བཞིན་ཡོད། ཀྲུང་ཁེར་རྒྱལ་ཁབ་གཉིས་པོའི་རི་ཆུ་སྦྲེལ་བ་དང་བདེ་སྡུག་མཉམ་མྱོང་ཡིན་པས། དེ་ནི་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བ་བརྟན་པོ་ཞིག་རེད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྲོལ་གཏོད་ཁོངས་མིའི་རྒྱལ་ཁབ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཡིན་པའི་རྒྱལ་ཁབ་གཉིས་པོས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་དང་སྒོ་དབྱེ་བསྟུན་མཁས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་ལངས་ཕྱོགས་འདྲ་པོ་ཡོད། འགྱུར་ལྡོག་མང་ལ་ཟང་ཟིང་ཆེ་བའི་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་མདུན་དུ་ཕྱོགས་གཉིས་པོས་ཕྱོགས་མང་སྒྲོམ་གཞིའི་ནང་མཉམ་ལས་དམ་ཟབ་བྱས་ནས་ཕན་ཚུན་དབར་བཏོན་པའི་གྲོས་འགོ་གལ་ཆེན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད།
ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་རེད་ལ། ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་ལོའང་རེད། ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཡིད་ཆེས་བརྟན་གཏོང་དང་མུ་མཐུད་འབད་འཐབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱེད་པའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད། ཁེར་གྷི་སི་ཐན་ཕྱོགས་ཀྱིས“2030ལོའི་གོང་གི་རྒྱལ་ཁབ་འཕེལ་རྒྱས་ཀྱི་རྩ་གནད”ལག་བསྟར་གཏིང་ཟབ་བྱས་ཏེ“ཁེར་གྷི་སི་ཐན་གསར་པ”འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཕྱོགས་གཉིས་པོས་ཀྲུང་ཁེར་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་བདེ་སྐྱིད་བསྐྲུན་ཏེ་ས་ཁུལ་དེ་ག་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཀྱི་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
—— ཁྱིམ་མཚེས་མཛའ་མཐུན་སྲ་བརྟན་དུ་གཏོང་བཞིན་ཡོད། ཀྲུང་ཁེར་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་ནས་མཐོ་རིམ་འགྲོ་འོང་དང་རིམ་པ་ཁག་གི་མཉམ་ལས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་འགན་ལེན་བརྟན་པོ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཁེར་གྷི་སི་ཐན་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱེད་འདོད་ཡོད།
—— གཉིས་ཕན་གཉིས་ཁེ་མཐའ་འཁྱོངས་བྱེད་བཞིན་ཡོད། འདི་ནི་མཉམ་ལས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་འགག་རྩ་རེད། ཕུགས་ལ་དམིགས་པ་དང་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཙོ་རྐང་དུ་བྱས་ཏེ། དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་སྤུས་འདེགས་རིམ་སྤོར་ཡོང་བར་སྐུལ་འདེད་གཏོང་དགོས། དཔལ་འབྱོར་ཚོང་དོན་མ་འཇོག་དང་། མཉམ་སྦྲེལ་མཉམ་མཐུད། ལྗང་མདོག་གཏེར་རྫས་སོགས་ཀྱི་སྲོལ་རྒྱུན་མཉམ་ལས་བརྟན་དུ་གཏོང་བ་དང་འབྲེལ། གྲངས་འཛིན་དཔལ་འབྱོར་དང་། ནུས་རྒྱུ་གཙང་མ། མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་དགོས། ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་གསུམ་གྱི་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་འགག་སྒོ་དེང་རབས་ཅན་གྱི་རིམ་སྤོར་སྒྱུར་བཀོད་མགྱོགས་མྱུར་བྱེད་པ་དང་དུས་མཚུངས“མཁྲེགས་ཆས་སྦྲེལ་མཐུད”དང“མཉེན་ཆས་སྦྲེལ་མཐུད”ཀྱི་ཆུ་ཚད་མཐོ་རུ་བཏང་ནས་མི་སྣ་འགྲོ་སྐྱོད་སྟབས་བདེ་དང་དངོས་ཟོག་འཁོར་རྒྱུག་ཐོགས་མེད་ཐུབ་པ་བྱེད་དགོས།
—— སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་བྱེད་བཞིན་ཡོད། ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་སྲོལ་རྒྱུན་མཛའ་གྲོགས་ནི་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་རྩ་ཆེའི་རྒྱུ་ནོར་ཞིག་རེད། རྒྱལ་ཁབ་གཉིས་པོའི་རིག་གནས་དང་། ཡུལ་སྐོར། སྒྱུ་རྩལ། སྨྱན་སྦྱོར། རིག་མཛོད། གཞོན་ནུ། གནའ་རྫས་རྟོག་ཞིབ། འཕྲོད་བསྟེན་སོགས་ཀྱི་སྤེལ་རེས་མཉམ་ལས་ཟབ་ཏུ་བཏང་ནས། མི་ཆོས་རིག་གནས་ཀྱི་འབྲེལ་བ་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་དགོས། གཞོན་ནུ་སློབ་མ་དེ་བས་མང་བ་ཕ་རོལ་རྒྱལ་ཁབ་ཏུ་སློབ་སྦྱོང་ལ་སྐྱོད་རྒྱུར་སྐུལ་ལྕག་བྱས་ཏེ། ས་གནས་དབར་གྱི་སྤེལ་རེས་གཏིང་ཟབ་ཡོང་བར་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་དང་ཁེར་གྷི་སི་ཐན་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་འགྲོ་འོང་དང་གཉིས་ཕན་མཉམ་ལས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་དེ་དམངས་སེམས་གཅིག་མཐུན་གྱི་རྨང་གཞི་རྒྱུན་མཐུད་བརྟན་དུ་གཏོང་དགོས།
—— ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བཞིན་ཡོད། ཁེར་གྷི་སི་ཐན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འགན་འཛིན་མིན་པའི་རྒྱལ་ཁབ་ཏུ་བདམས་ཐོན་བྱུང་བ་ནི་དགའ་འོས་ལ་རྟེན་འབྲེལ་ཞུ་འོས་པ་ཞིག་རེད། དེ་གོ་སྐབས་སུ་བཟུང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་ནང་གི་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཟབ་ཏུ་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་བློ་བརྟན་འགྱུར་མེད་ངང་སྲུང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ལག་ལེན་བསྟར་བ། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་དོན་འཁྱོལ་བྱེད་པ། དར་ཆ་གསལ་སྟོན་གྱིས་བཙན་དབང་རིང་ལུགས་དང་། ཕྱོགས་རྐྱང་རིང་ལུགས། དཔུང་ཚོགས་འགྲན་རྒོལ་བཅས་ལ་ངོ་རྒོལ་བྱེད་པ་དང“ངན་ཤུགས་གསུམ”ལ་མཉམ་དུ་རྡུང་རྡེག་བཏང་ནས་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྐྲུན་པར་སྐུལ་འདེད་གཏོང་དགོས།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་ངོ་25སོང་རིང་། ཕན་ཚུན་ཡིད་ཆེས་དང་། གཉིས་ཕན། འདྲ་མཉམ། གྲོས་མོལ། སྣ་མང་ཤེས་དཔལ་ལ་བརྩི་འཇོག ཐུན་མོང་འཕེལ་རྒྱས་དོན་གཉེར་བཅས་ཀྱི“ཧྲང་ཧའེ་ཡི་སྙིང་སྟོབས”སྐྱེད་སྲིང་དང་ལག་ལེན་བསྟར་ནས། ཁྱིམ་མཚེས་རྒྱལ་ཁབ་དང་གྲོགས་པོ་སྒྲིག་པ་ལས་མནའ་འབྲེལ་དུ་མི་ཞུགས་པ་དང་། བདེ་འཇགས་བརྟན་ལྷིང་མཉམ་སྲུང་། འཕེལ་རྒྱས་དང་དར་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་ཀྱི་ས་ཁོངས་མཉམ་ལས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་ཐུབ་སྟེ། འཛམ་གླིང་ཐོག་མངའ་ཁོངས་རྒྱ་ཆེ་ཤོས་དང་། མི་འབོར་མང་ཤོས། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་པ་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ས་ཁོངས་མཉམ་ལས་རྩ་འཛུགས་སུ་གྱུར་ཡོད། ཁེར་གྷི་སི་ཐན་གྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་ཚུན“ལག་གདང་སྦྲེལ་ནས་རྒྱུན་མཐུད་ཆོག་པའི་ཞི་བདེ་དང་། འཕེལ་རྒྱས། དར་རྒྱས་བཅས་ཀྱི་ཕྱོགས་སུ་སྐྱོད་པའི”བརྗོད་དོན་གཙོ་བོ་རྒྱུན་འཁྱོངས་ཀྱིས་ཁོངས་ཞུགས་རྒྱལ་ཁབ་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་པར། ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་ད་ཐེངས་ཀྱི་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་བྱུང་ནས། ཕྱོགས་ཁག་གིས“ཧྲང་ཧའེ་ཡི་སྙིང་སྟོབས”སྔར་བས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར་སྒུལ་ཤུགས་གསར་པ་སྣོན་རྒྱུའི་ཡིད་ཆེས་ཡོད།
ཁེར་གྷི་སི་ཐན་ལ“ཆུ་ཐིགས་བསགས་ནས་རྒྱ་མཚོ་གྲུབ”ཅེས་པའི་གཏམ་དཔེ་ཡོད་ལ། ཀྲུང་གོར་ཡང“ཆུ་ཕྲན་མ་འདུས་ན་རྒྱ་མཚོ་གྲུབ་མི་སྲིད”ཅེས་པའི་གནའ་བོའི་གཏམ་དཔེ་ཡང་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཁེར་གྷི་སི་ཐན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་རིམ་པ་བཞིན་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་ཀྱི་ཆུ་ཕྲན་དེ་ཀྲུང་གོ་དང་ཁེར་གྷི་སི་ཐན་མཛའ་གྲོགས་ཀྱི་ཆུ་གཏེར་ཆེན་པོར་གཅིག་ཏུ་འདུས་ནས། ལག་གདང་སྦྲེལ་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་འདོད་ཡོད།
འབྲེལ་ཡོད་གསར་འགྱུར།