རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བཞི་པ་པེ་ཅིང་དུ་གྲོལ་བ།
ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་གནང་བ།
ཚེས་28ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བཞི་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་བ་རེད། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། སྨན་བཅོས་འགན་སྲུང་བཅའ་ཁྲིམས་དང་། རྨོ་ཞིང་སྲུང་སྐྱོང་དང་སྤུས་ཚད་མཐོར་གཏོང་བཅའ་ཁྲིམས། གསར་དུ་དག་བཅོས་བྱས་པའི་ཞིང་ལས་བཅའ་ཁྲིམས། གསར་དུ་དག་བཅོས་བྱས་པའི་རྒྱལ་སྲུང་སྐུལ་སློང་བཅའ་ཁྲིམས། ཁྲིམས་རྩོད་པའི་བཅའ་ཁྲིམས་དག་བཅོས་བྱ་རྒྱུའི་སྐོར་གྱི་གཏན་འབེབས་བཅས་ལ་གྲོས་འཆམ་བྱུང་བ་དང་། ལུའུ་ཀྲི་ཡོན་གྱི་དམངས་སྲིད་པུའུ་ཡི་པུའུ་ཀྲང་གོ་གནས་ཕྱིར་འཐེན་བྱ་རྒྱུ་དང་ལི་ཁྲང་ཀོན་དམངས་སྲིད་པུའུ་ཡི་པུའུ་ཀྲང་ལ་བསྐོ་གཞག་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་80དང་། 81པ། 82པ། 83པ། 84པ། 85པ་བཅས་ལ་མཚན་རྟགས་བཀོད་གནང་བ་རེད། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་150ཚོགས་འདུར་ཞུགས་ཤིང་། ཚོགས་ཞུགས་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
ཚོགས་འདུའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧང་ག་རི་དབར་གྱི་ཁྲིད་སྐྱེལ་ཆིངས་ཡིག》ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
ཚོགས་འདུའི་ཐོག་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། ཀྲང་ཡིའུ་ཞ་ཡི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པའི་གོ་གནས་ཕྱིར་འཐེན་བྱ་རྒྱུ་དང་ལིའུ་ཀྲེན་ལིའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གོ་གནས་ཕྱིར་འཐེན་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། ཉི་གཡོད་ཧྥུང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྤྱི་ཚོགས་འཛུགས་སྐྲུན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པར་བསྐོ་གཞག་བྱས་པ་དང་། ཤའོ་ཕེ་དང་ཧྥུའུ་ཁུའེ་ཡི་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་གོ་གནས་ཕྱིར་འཐེན་དང་ཀྲའོ་ཧྲི་ཡུང་དང་ཀྲང་ཀྲུང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་བསྐོ་གཞག་བྱས་པ། ཧྲེན་ལེང་གི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་དང་། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། སྐོར་སྐྱོད་ཁྲིམས་ར་ལྔ་པའི་དིང་ཀྲང་། འདྲི་གཅོད་པ་བཅས་ཀྱི་གོ་གནས་ཕྱིར་འཐེན་བྱས་པ་དང་། ཏང་ཀོང་སུའོ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་དང་། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། འདྲི་གཅོད་པ་བཅས་ལ་བསྐོ་གཞག་བྱས་པ་རེད།
ཚོགས་འདུའི་ཐོག་ད་དུང་གོ་གནས་བསྐོ་འཐེན་གྱི་གྲོས་གཞི་གཞན་དག་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་དང་། ཝང་ཏུང་མིང་། ཤའོ་ཅེ། ཀྲེང་ཅན་པང་། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥུང་། ཧོ་ཝེ། ཝུའུ་ཝུའེ་ཧྭ། ཐེ་ཉིང་། ཕེང་ཆིང་ཧྭ། ཀྲང་ཆིང་ཝུའེ། བློ་བཟང་རྒྱལ་མཚན། ཞུའེ་ཁེ་ལའེ་ཐི·ཀྲ་ཁེར་བཅས་དང་དེ་བཞིན་དྲུང་ཆེ་ལིའུ་ཆི་ཚོགས་འདུར་ཞུགས་པ་རེད།
རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་ཅིན་གོ་དང་། རྒྱལ་དོན་ཨུ་ཡོན་ཝང་ཞའོ་ཧུང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཅུན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་དབྱིང་ཡུང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཆེད་དོན་ཨུ་ལྷན་ཁག་གི་ཁོངས་མི། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན། ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་གྱི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གཙོ་བོ་ཁག་གཅིག རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཟུར་ཞུགས་གནང་བ་རེད།
མཇུག་འགྲིལ་ཚོགས་འདུ་གྲོལ་རྗེས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་ཉེར་བཞི་པ་འཚོགས་པ་དང་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་གཙོ་སྐྱོང་གནང་བ་རེད། མི་སྤྱི་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་ཝང་ཞའོ་ཕིང་གིས《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་འཆད་ཁྲིད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།