ཀྲུང་གོ་དང་ཨེ་ཅིབ་ཀྱི་གསར་འགོད་པས་ཅི་ལི་རླངས་འཁོར་ཨེ་ཅིབ་བཟོ་གྲྭ་དང་ཕྱིར་ཚོང་ཚོང་ཁང་ལ་བཅར་འདྲི་བྱས་པ།
ཨེ་ཅིབ་ཀྱི་རླངས་འཁོར་བཟོ་ལས་རང་ཡུལ་ཅན་དུ་འགྱུར་རྒྱུར་གོམ་པ་བརྟན་པོ་སྤོས་པ།

འདི་ནི་ཅི་ལི་རླངས་འཁོར་ཨེ་ཅིབ་བཟོ་གྲྭའི་ཚ་ལ་རྒྱག་པ་དང་སྙོམས་སྒྲིག་འཁོར་ཁང་ཡིན་པ།
ཉིན་ཤས་གོང་། ཀྲུང་གོ་དང་ཨེ་ཅིབ་ཀྱི་སྨྱན་སྦྱོར་གྱིས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་འབྲེལ་བཅར་འདྲི་ཨེ་ཅིབ་ཏུ་བྱེད་འགོ་ཚུགས་པ་རེད། ཀྲུང་ཨེ་རྒྱལ་ཁབ་གཉིས་པོའི་གསར་འགོད་པ་30ཙམ་ཨེ་ཅིབ་ཀྱི་ཟླ་བཅུ་ཚེས་དྲུག་གྲོང་དུ་གནས་པའི་ཅི་ལི་རླངས་འཁོར་ཨེ་ཅིབ་བཟོ་གྲྭ་དང་ཤིན་ཁེ་རོར་གནས་པའི་ཅི་ལི་རླངས་འཁོར་ཕྱིར་ཚོང་ཁང་དུ་བསྐྱོད་དེ་ཀྲུང་གོའི་ཁེ་ལས་ཀྱིས་ཨེ་ཅིབ་ཀྱི་རླངས་འཁོར་བཟོ་ལས་འཕེལ་རྒྱས་ལ་རམ་འདེགས་དང་ཀྲུང་ཨེ་རྒྱལ་ཁབ་གཉིས་པོས་གཉིས་ཁེ་མཉམ་ལས་བྱེད་པའི་གསོན་ཉམས་དོད་པའི་གཏམ་རྒྱུད་ཐུན་མོང་ཐོག་བཀོད་པ་རེད།
ཅི་ལི་རླངས་འཁོར་ཨེ་ཅིབ་ཀྱི་སྤྱི་ཁྱབ་ཅིང་ལི་ཅིན་མིང་ཅེ་ཡིས། ཅི་ལི་རླངས་འཁོར་གྱིས་དབུས་ཤར་ས་ཁུལ་དང་ཨ་ཧྥེ་རི་ཁའི་ས་ཁུལ་དུ་བཙུགས་པའི་ལྷུ་ལག་སྒྲིག་སྦྱོར་བཟོ་གྲྭ་དང་པོ་ཅི་ལི་རླངས་འཁོར་ཨེ་ཅིབ་བཟོ་གྲྭའི་རྣམ་གྲངས་2024ལོའི་ཟླ་12པར་བསྐྲུན་པ་དང་། ཐོན་སྐྱེད་སྒྲུབ་རིམ་གཉིས་བཀོད་སྒྲིག་བྱས་པ། ལོར་ཐོན་ནུས་ཁྲི་2ཇུས་འགོད་བྱས་ཡོད། མིག་སྔར་བཟོ་གྲྭས་ཟླ་རེར་རླངས་འཁོར་700ཙམ་སྒྲིག་སྦྱོར་ཐུབ་པ་དང་ལྷུ་ལག་རང་ཡུལ་ཅན་དུ་འགྱུར་ཚད་45%ལས་བརྒལ་ཡོད་ཅེས་ངོ་སྤྲོད་བྱས།
བཟོ་གྲྭས་ཨེ་ཅིབ་ཏུ་ལཱ་ཟེར་གྱི་ཚ་ལ་རྒྱག་རྩལ་དང་བཟོ་ལས་འཕྲུལ་མི་ཐོག་མར་ནང་འདྲེན་བྱས་པས་ཐོན་སྐྱེད་བརྒྱུད་རིམ་རང་འགུལ་ཅན་གྱི་ཆུ་ཚད་དང་བཟོ་སྐྲུན་ཞིབ་ཚགས་སུ་ཕྱིན་ཡོད།
ཅི་ལི་རླངས་འཁོར་ཨེ་ཅིབ་བཟོ་གྲྭའི་སྤྱི་ཁྱབ་ཅིང་ལི་ཀྲ་ཁ་ལི་ཡཱ་ཡིས“ཨེ་ཅིབ་ལ་ཁྲོམ་རའི་གཞི་ཁྱོན་དང་མི་འབོར་གྱི་ཁེ་སྤོགས་ཡོད་པས། ཀྲུང་གོའི་ཁེ་ལས་ཀྱིས་སྔོན་ཐོན་གྱི་རླངས་འཁོར་བཟོ་སྐྲུན་ལག་རྩལ་དང་ནུས་ཆེའི་ཐོན་སྐྱེད་འདུ་ཤེས་ལ་བརྟེན་ནས་ཕྱོགས་གཉིས་པོའི་ལེགས་ཆ་གསབ་རེས་བྱས་ཡོད། ཀྲུང་གོའི་ཁེ་ལས་དང་མཉམ་ལས་བྱས་པ་དེ་ཐོག་ནས་ཨེ་ཅིབ་ཀྱི་རླངས་འཁོར་བཟོ་ལས་རང་ཡུལ་ཅན་དུ་འགྱུར་རྒྱུར་གོམ་པོ་བརྟན་པོ་ཞིག་སྤོས་པ་མཚོན་ཡོད”ཅེས་བརྗོད།
བཟོ་གྲྭས་ས་གནས་དེ་གར་ལས་ཞུགས་ལས་གནས་500ལྷག་ཙམ་བཏོད་པ་དང་འབྲེལ་ཐོན་སྐྱེད་ལག་ལེན་དངོས་བརྒྱུད་རླངས་འཁོར་བཟོ་སྐྲུན་ཁྱབ་ཁོངས་ཀྱི་ལག་རྩལ་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་ཡང་བྱས་ཡོད། འཁོར་ཁང་གི་སྒྲིག་སྦྱོར་ལྟ་སྐུལ་ལས་དོན་གྱི་འགན་འཁུར་བ་ཨེ་ཅིབ་ཀྱི་ལས་མི་ཅཱ་མའེ་ལེ་ཡིས“ཀྲུང་གོའི་ལས་རོགས་དང་དཔུང་པ་མཉམ་གཤིབ་ཀྱིས་ལས་ཀ་བྱེད་རིང་། ངས་སྔོན་ཐོན་གྱི་ལག་རྩལ་དང་གསར་གཏོད་ཀྱི་འདུ་ཤེས་ཁོང་དུ་ཆུད་པ་མ་ཟད། ད་དུང་ཞིབ་ཚགས་ཅན་གྱི་དོ་དམ་དང་ཡག་ཐོག་ཡག་བརྩེགས་ཀྱི་བཟོ་བོའི་སྙིང་སྟོབས་ཀྱང་ཚོར་བྱུང”ཞེས་གསར་འགོད་པར་བརྗོད།
ཅི་ལི་ནུས་གསར་རླངས་འཁོར་4Sཚོང་ཁང་དུ་བློ་འདྲི་བྱེད་པར་ཡོང་མཁན་འཛད་སྤྱོད་པ་ཧ་ཅང་མང་པོ་ཡོད། ཁེ་རོའི་གྲོང་མི་མཱ་ལི་ཡཱ་ཡིས་ཕྲུ་གུ་3འཁྲིད་དེ་རླངས་འཁོར་ཉོ་བའི་འགྲོ་ལུགས་གཉེར་ནས་རླངས་འཁོར་གསར་པ་བཏང་སྟེ་རང་ཁྱིམ་དུ་ལོག་རྩིས་བྱེད་བཞིན་ཡོད། ཕྲུ་གུ་ཚོས་རླངས་འཁོར་གྱི་མཐའ་བསྐོར་ནས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། “རླངས་འཁོར་འདིའི་རིན་གོང་འཚམ་ལ་ནང་ངོས་རྒྱ་ཆེ་བས། སླད་ཕྱིན་ནང་མི་ཚང་མ་ཕྱིར་སྐྱོད་སྐབས་སྟབས་བདེ་རུ་འགྲོ་ངེས་རེད”ཅེས་མཱ་ལི་ཡཱ་ཡིས་གསར་འགོད་པར་བརྗོད།
“ངའི་བུས་ཀྲུང་གོའི་གློག་སྒུལ་རླངས་འཁོར་ཞིག་ཉོས་ཡོད་པས་སྤྱོད་གོ་ཧ་ཅང་ཆེན་པོ་འདུག ཁོང་གི་གྲོགས་པོས་ཀྱང་ཉོས་འདུག” ཀྲུང་གོའི་གློག་སྒུལ་རླངས་འཁོར་ཨེ་ཅིབ་ཏུ་ཁྱབ་གདལ་ཇེ་ཆེར་འགྲོ་བའི་སྐོར་གླེང་སྐབས། མཉམ་འབྲེལ་བཅར་འདྲིའི་ནང་ཞུགས་མཁན་ཨེ་ཅིབ་དང་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་སཱ་ཝུའེ་ཡིས“ཀྲུང་གོའི་རླངས་འཁོར་བཟོ་རྩལ་སྔོན་ཐོན་དང་། བཀོལ་སྤྱོད་སྟབས་བདེ། རིན་གོང་འཚམ་པོ་བཅས་ཡོད། ཨེ་ཅིབ་ཀྱི་ཁྲོམ་རར་གློག་སྒུལ་རླངས་འཁོར་གྱི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་པས་ཀྲུང་གོས་ཨེ་ཅིབ་ཀྱི་གློག་སྒུལ་རླངས་འཁོར་ཐོན་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད”ཅེས་མྱོང་ཚོར་ཟབ་མོས་བརྗོད།
ཉིན་དེའི་བཅར་འདྲི་བྱེད་རིང་ཨེ་ཅིབ་ཀྱི་ཕྱི་འབྲེལ་གསར་འགྱུར་དྲ་བའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཨཱ་ཧྲེ་ལཱ་ཧྥུའུ་ཡིས་ཨ་རབ་ཀྱི་སྐད་དང་དབྱིན་སྐད་ཐོག་ནས་ཁ་བྱང་ལ《མི་དམངས་ཉིན་རེའི་ཚགས་པར་གྱིས་ཨེ་ཀྲུང་མཉམ་ལས་ཀྱི་འབྲེལ་ཟམ་བཙུགས》ཞེས་པའི་གནས་ཚུལ་སྤེལ་གཏོང་བྱས་པ་རེད།
“ཨེ་ཀྲུང་མཉམ་ལས་ཀྱི་གཏམ་རྒྱུད་ཧ་ཅང་ངོ་མཚར་ཆེ་བས་ངས་དེ་སྒུག་ཁོམ་མེད་པར་ལམ་སེང་བྲིས་པ་ཡིན” ཨཱ་ཧྲེ་ལཱ་ཧྥུའུ་ཡིས“‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་བྱས་པ་དེས་ཨེ་ཅིབ་ལ་བཟོ་ལས་ཅན་གྱི་འཕེལ་རིམ་ཁྲོད་སྐུལ་འདེད་གཏོང་རོགས་བྱས་ཡོད”ཅེས་བརྗོད། ཁོང་གིས་ད་ཐེངས་ཀྱི་མཉམ་འབྲེལ་བཅར་འདྲིའི་དོན་སྙིང་དེ་རྣམ་གྲངས་ཀྱི་ས་གནས་ས་ཐོག་ཏུ་སྨྱན་སྦྱོར་བ་བསྐྱོད་དེ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་གྲུབ་འབྲས་དངོས་སུ་མཐོང་བ་དང་གཏམ་རྒྱུད་ངོ་མ་སྤྱི་དམངས་ལ་ཤོད་རྒྱུ་དེ་རེད། “དེས་སྨྱན་སྦྱོར་འདི་ཉིད་མཉམ་ལས་ནང་ཞུགས་མཁན་དང་སྐུལ་འདེད་གཏོང་མཁན་ཞིག་ཏུ་གྱུར་ནས་རྒྱལ་ཁབ་དབར་འབྱུང་འགྱུར་ཕྱོགས་སུ་སྐྱོད་པའི་མཉམ་ལས་ཀྱི་འབྲེལ་ཟམ་ཞིག་བསྐྲུན་ཐུབ་པ་སླར་ཡང་ར་སྤྲོད་བྱུང་བའི”ངོས་འཛིན་བྱས།
འབྲེལ་ཡོད་གསར་འགྱུར།