ཀྲུང་གོའི་གློག་སྒུལ་རླངས་འཁོར་ལ་གློག་རྫོགས་པའི་སེམས་ཁྲལ་བྱེད་དགོས་མེད་པ།

འདི་ནི་ཉེ་ཆར་ཅང་སུའུ་ཞིང་ཆེན་ལེན་ཡུན་ཀང་གྲུ་ཁའི་ཤར་ཕྱོགས་གྲུ་དོན་ཡན་ལག་ཀུང་སིའི་གྲུ་ཁར་རྒྱལ་ཐོན་ནུས་གསར་རླངས་འཁོར་མང་པོ་གྲུ་གཟིངས་ནང་བླུགས་ནས་ཕྱི་རྒྱལ་དུ་གཏོང་རྩིས་བྱེད་བཞིན་པ།
ཀྲུང་གོས་བཟོས་པའི་གློག་སྒུལ་རླངས་འཁོར་ཁ་ཤས་ལ་ཆ་མཚོན་ན། སྐར་མ་5ཡི་ནང་གློག་རྫོགས་པའི་གློག་རྫས་གསར་པར་བརྗེ་ཐུབ། གློག་རྫས་བརྗེ་སྟངས་ཧ་ཅང་སྟབས་བདེ་བ་སྟེ། རླངས་འཁོར་ཆེད་དམིགས་གློག་རྫས་བརྗེ་ཚིགས་སུ་བཏང་སྟེ་ཁ་བཀག་ནས་བཞག་ཚེ། འཕྲུལ་མིས་གློག་རྫས་རྙིང་པ་བཏོན་ནས་གློག་རྫས་གསར་པ་བརྗེ་ཡི་ཡོད།
འཛམ་གླིང་ཐོག་གི་ས་གནས་གཞན་གྱི་ཁ་ལོ་བས་རྒྱུན་དུ་གློག་སྡོང་མ་རྙེད་པའི་སེམས་ཁྲལ་བྱེད་སྐབས། ཀྲུང་གོར་གནད་དོན་དེར་སེམས་ཁྲལ་བྱེད་དགོས་ཀྱི་མེད། ད་ཆ་ཀྲུང་གོར་གོ་ལ་ཧྲིལ་པོའི་གློག་སྒུལ་རླངས་འཁོར་གྱི་གློག་གསོག་དྲ་རྒྱ་ཆེ་ཤོས་ཡོད་ཅིང་། ཧ་ལམ་གློག་སྒུལ་རླངས་འཁོར་10ལ་སྤྱི་སྤྱོད་གློག་སྡོང་1ཡོད།
སྤྱིར་བཏང་མིན་པའི་རྨང་གཞིའི་སྒྲིག་བཀོད་དང་ལག་རྩལ་ཡར་རྒྱས་བྱུང་བ་འདི་དག་ལས་ཀྲུང་གོར་གློག་སྒུལ་རླངས་འཁོར་གྱི་གློག་རྫོགས་པའི་སེམས་ཁྲལ་སྤྱིར་ན་བྱེད་དགོས་ཀྱི་མེད་པ་མ་ཟད། ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་གློག་སྒུལ་རླངས་འཁོར་གསར་བརྗེའི་གཡུལ་ས་མདུན་ཤོས་སུ་སླེབས་པར་སྐུལ་འདེད་ཀྱང་ཐེབས་ཡོད། ད་ཆ། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་གློག་སྒུལ་རླངས་འཁོར་ལས་རིགས་ཀྱི་སྣེ་ཁྲིད་པ་ཡིན་པ་སྨྲོས་མི་དགོས་ཤིང་། འཛམ་གླིང་ཡོངས་ཀྱི་གློག་སྒུལ་རླངས་འཁོར་75%ཙམ་ཀྲུང་གོ་ནས་བཟོ་གི་ཡོད།
ཀྲུང་གོའི་གློག་སྒུལ་རླངས་འཁོར་གྱི་འཆར་གཞི་ལམ་ལྷོངས་བྱུང་བ་དེ་ཀྲུང་གོའི་རླངས་འཁོར་ཁེ་ལས་ཀྱིས་ནུས་གོང་གཉིས་བསྡུར་གྱི་རླངས་འཁོར་བཟོ་སྐྲུན་དང་འབྲེལ་བ་ཆེན་པོ་ཡོད། ཀྲུང་གོར་ཡུན་རིང་བྱེས་སྡོད་བྱེད་མཁན་ཨ་རིའི་རླངས་འཁོར་དཔོད་ཁུག་གཙོ་སྐྱོང་བ་དབྱི་སང·རོ་པོ་ཤུན་གྱིས། ད་ཆ་ཀྲུང་གོའི་གློག་སྒུལ་རླངས་འཁོར་ལ་སྒྲིག་སྦྱོར་བྱས་པའི་གྲས་སུ་བརྙན་འཕྲིན་དང་། འཁྱགས་སྒམ། ལྗིད་ཤུགས་མེད་པའི་འཕུར་མཉེད་རྐུབ་སྟེགས། སྒྲ་སྐྱེད་འཕྲུལ་འཁོར་བཅས་ཡོད་པ་མ་ཟད། གལ་ཆེ་ཤོས་ཀྱི་གྲངས་འཛིན་དྲ་སྦྲེལ་བྱེད་ནུས་ཀྱང་ཡོད། ན་ནིང་། ཀྲུང་གོའི་རྒྱལ་ནང་གི་འགྲུལ་སྤྱོད་རླངས་འཁོར་སིལ་འཚོང་བྱེད་ཚད་ཁྲོད་ནུས་གསར་རླངས་འཁོར་གྱིས་54%ལྷག་ཙམ་བཟུང་ཡོད། ཀྲུང་གོས་སྤུས་ལེགས་གོང་ཁེའི་རླངས་འཁོར་བཟོ་ཐུབ་པའི་རྒྱུ་མཚན་ནི་ཀྲུང་གོར་ཐ་སྙད་ནས་ཐོན་རྫས་བར་གྱི་མཁོ་སྤྲོད་འཁོར་འབྲེལ་ཆ་ཚང་བ་ཞིག་ཆགས་ཡོད་པས་རེད་ཅེས་བརྗོད།
—— ཨོ་སི་ཁྲུ་ལི་ཡའི་རླུང་འཕྲིན་ཀུང་སིས་སྤེལ་བའི་རྩོམ་ཡིག་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།