འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་ཞེ་བརྒྱད་པའི་ཀྲུང་གོའི་འཐུས་མི་ཚོགས་པ་བཙུགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། མི་སྤྱི་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད། ཉེ་ཆར། འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་ཞེ་བརྒྱད་པའི་ཀྲུང་གོའི་འཐུས་མི་ཚོགས་པ་དངོས་སུ་བཙུགས་པ་རེད། གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་འཐུས་མི་ཚོགས་པར་ཁྱོན་མི་220ཡོད་པའི་ནང་འགྲན་ཞུགས་བདམས་ཐོན་པ་71ཡོད་པ་དག་རྣམ་གྲངས་64ཡི་འགྲན་བསྡུར་ནང་ཞུགས་རྒྱུ་རེད། འགྲན་ཞུགས་བདམས་ཐོན་པ་དག་ཞིང་ཆེན་21ནས་ཡོང་བ་དང་དེའི་ནང་སློབ་མ་49དང་ལས་བཟོ་22ཡོད་པ་རེད། བདམས་ཐོན་པའི་ཆ་སྙོམས་ལོ་ཚད་21ཡིན་པ་དང་། ལོ་ན་ཆུང་ཤོས་ལོ་18དང་ཆེ་ཤོས་ལོ་25ཡིན་པ་རེད།
རང་རྒྱལ་འདི་ཉིད་2010ལོར་འཛམ་གླིང་རྩལ་ནུས་རྩ་འཛུགས་ནང་ཞུགས་པ་ནས་བཟུང་། འཛམ་གླིང་རྩལ་ནུས་འགྲན་བསྡུར་སྐབས་7ནང་ཞུགས་མྱོང་བ་དང་། ཁྱོན་གསེར་གྱི་རྟགས་མ་93དང་། དངུལ་གྱི་རྟགས་མ་41 ཟངས་ཀྱི་རྟགས་མ་28 ཕུལ་བྱུང་གི་བྱ་དགའ་71བཅས་ཐོབ་ནས། སྐབས་4བསྟུད་མར་གསེར་གྱི་རྟགས་མའི་ཨང་རིམ་གྲལ་དུ་ཚུད་པ་དང་ཚོགས་པའི་སྤྱིའི་སྐར་གྲངས་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།
འཛམ་གླིང་རྩལ་ནུས་འགྲན་བསྡུར་སྐབས་ཞེ་བརྒྱད་པ་ད་ལོའི་ཟླ་9ཚེས་22ནས་27ཉིན་བར་ཧྲང་ཧའེ་རུ་གཉེར་རྒྱུ་ཡིན་ཞིང་། སྔོན་དཔག་ལྟར་ན། རྒྱལ་ཁབ་དང་ས་ཁུལ་70ཙམ་གྱི་བདམས་ཐོན་པ་1400ཙམ་གྱིས་མཉམ་དུ་འགྲན་བསྡུར་བྱ་རྒྱུ་རེད། སྐབས་འདིའི་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོ་ནི་རང་རྒྱལ་གྱིས་ཚོགས་པ་བཙུགས་ནས་འགྲན་བསྡུར་ལ་ཞུགས་ཐེངས་བརྒྱད་པ་རེད་ལ། འགྲན་བསྡུར་གྱི་རྣམ་གྲངས་ཚང་མར་ཞུགས་ཐེངས་གསུམ་པ་དེ་ཡང་ཡིན་པ་རེད།
ཀྲུང་གོའི་འཐུས་མི་ཚོགས་པའི་འབྲེལ་ཡོད་འགན་འཁུར་བས། ཚོགས་པ་ཡོངས་ཀྱིས་འགྲན་བསྡུར་གྱི་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུས་ཏེ། དྲང་གཞག་འགྲན་ཞུགས་དང་ཤེས་དཔལ་འགྲན་ཞུགས་ཀྱིས་ཉམས་འགྱུར་ལྡན་ཞིང་ཆུ་ཚད་མཐོན་པོས་དུས་རབས་གསར་པའི་ཀྲུང་གོའི་རྩལ་ནུས་གཞོན་ནུའི་རྩེར་སོན་རྩལ་ནུས་དང་ཉམས་འགྱུར་བཟང་པོ་ཕྱོགས་ཡོངས་ནས་མངོན་པར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།