ས་མཐོའི་བདེ་སྡོད་ཀྱིས་དམངས་སེམས་དྲོ་བར་བྱས། གྲོང་གསེབ་དར་རྒྱས་ཀྱིས་ཡོང་འབབ་མང་དུ་བཏང་།
མལ་གྲོ་གུང་དཀར་རྫོང་གི“དཔྱིད་རླུང”བྱ་སྤྱོད་ཀྱིས་ཞིང་འབྲོག་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པ།
2025ལོའི་དཔྱིད་ཀར། མལ་གྲོ་གུང་དཀར་རྫོང་གིས་ས་མཐོའི་ཞིང་འབྲོག་ཁུལ་གྱི་སྡོད་ཁང་བདེ་འཇགས་འགན་ལེན་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་དམིགས་ཚད་གཉིས་ལ་གཞི་ཚུགས་ཏེ། མང་ཚོགས་ཀྱི་སྡོད་ཁང་སྒྱུར་བཀོད་ཀྱི་ཁུར་པོ་དང་། སྡོད་ཁང་གི་ཡོམ་འགོག་སྤུས་ཚད། ཕུགས་ཕན་དོ་དམ་སྲུང་སྐྱོང་བཅས་ལྟེ་བའི་གནད་དོན་ཆེན་པོ་གསུམ་ལ་དམིགས་ནས་གྲོང་གསེབ་སྡོད་ཁང་གི་སྤུས་ཚད་མཐོ་རུ་གཏོང་བའི“དཔྱིད་རླུང”བྱ་སྤྱོད་གསར་གཏོད་ལག་བསྟར་བྱས་ཏེ། “སྲིད་ཇུས་ཁ་གསབ་ཀྱིས་ཁྲིད་སྟོན་དང་། རྣམ་གྲངས་ལག་བསྟར་གནད་སྨིན། འབབ་འཕར་ཐབས་ལམ་རྒྱ་སྐྱེད”བཅས་ཕྱོགས་གསུམ་གཞི་གཅིག་གི་ལས་ཀའི་མ་ལག་བཙུགས་ནས། “བདེ་སྡོད་སྤུས་ཚད་མཐོར་གཏོང་དང་སྣ་མང་འབབ་འཕར”གྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་ཡོད།
དེ་ནི་སྡོད་གནས་ཀྱི་ཆ་རྐྱེན་ལ་འགྱུར་ལྡོག་བྱུང་བ་ཙམ་མ་ཡིན་པར། དམངས་སེམས་ལ་ཟུག་པའི་དམངས་འཚོའི་ལག་ལེན་ཞིག་དེ་བས་ཡིན་པས། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་ཞིག་ས་བབ་སྨི་4000ལྷག་ཙམ་ཟིན་པའི“གནམ་མཐའི་ཡུལ”དུ་དལ་གྱིས་མངོན་བཞིན་ཡོད།
ཞོགས་པ་ཐང་སྐྱ་ཤང་གྲོག་ཕུ་གྲོང་ཚོར་དྲོ་འཇམ་ཉི་འོད་ཁྱིམ་ཚང་ཚང་མའི་སྒོ་རར་འཕྲོས། ཉེ་བའི་ལོ་ཤས་རིང་། ཡུལ་མི་ཕུར་ཆོས་སྒྲོན་ཁྱིམ་གྱི་འཚོ་བ་བྲེལ་བརྩོན་ཆེ་ལ་བློ་བདེ་བག་ཕེབས་ཤིག་ཀྱང་ཡོད། ས་རྡོ་ལས་གྲུབ་པའི་ཁང་པ་རྙིང་པ་དེ་དང་ཉིན་རེ་བཞིན་འཚར་ལོངས་བྱུང་བཞིན་པའི་བུ་གཉིས་ལ་ལྟ་བཞིན་བཟའ་ཚོ་གཉིས་པོས་སྔ་ས་ནས་མ་དངུལ་ཅུང་ཟད་བསགས་ཏེ་ཁང་པ་རྙིང་པ་དེ་བཤིག་ནས་སྡོད་ཁང་གསར་པ་རྒྱག་རྩིས་ཡོད་པ་རེད། དེ་ལྟར་བྱས་ཚེ་ཁང་པའི་བདེ་འཇགས་ཆེ་རུ་ཕྱིན་པ་མ་ཟད། ནང་མི་ཚང་མའང་བློ་བདེ་བག་ཕེབས་ཀྱི་འཚོ་བ་སྐྱེལ་ཐུབ་རྒྱུ་རེད། འོན་ཀྱང་ཁོང་གཉིས་ཀྱིས་རང་ཉིད་ཀྱིས་ཁང་པ་བརྒྱབ་ཚེ་བཟོ་རྩལ་ཚོད་འཛིན་ཡག་པོ་མ་ཐུབ་པ་དང་། ཁང་པའི་རྩིག་རྨང་བརྟན་པོ་འདིང་མི་ཐུབ་པ། ཁང་པ་རྒྱག་པའི་ཐད་སྤྱོད་པའི་མ་དངུལ་མི་འདང་བ་སོགས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད།
སྟབས་ལེགས་པ་ཞིག་ལ། སྐབས་དེ་དུས་གྲོང་གསེབ་སྡོད་ཁང་གི་སྤུས་ཚད་ལེགས་སུ་གཏོང་བའི“དཔྱིད་རླུང”བྱ་སྤྱོད་སྤེལ་འགོ་ཚུགས་པ་དང་ཏག་ཏག་འཁེལ་ཡོད།
བྱ་སྤྱོད་དེ་མ་སྤེལ་གོང་། མལ་གྲོ་གུང་དཀར་རྫོང་གིས་ཆེད་དོན་བརྟག་ཞིབ་དཔུང་ཁག་8བཙུགས་ནས་རྫོང་ཡོངས་ཀྱི་གྲོང་ཚོ་དང་གྲོང་ལྷན་ཁག་ཏུ་བསྐྱོད་དེ་དུད་ཚང་དུ་བཅར་འདྲི་བྱས་ནས་ཞིང་དུད་ཀྱི་ཁང་པའི་གནས་ཚུལ་དང་། སྒྱུར་བཀོད་བྱེད་འདོད་ཡོད་མེད། ཁྱིམ་ཚང་གི་དཀའ་ངལ་སོགས་རྨང་གཞིའི་ཆ་འཕྲིན་མཐིལ་རྟོགས་ཞིབ་ཚགས་བྱས་ཏེ་ཁྱད་པར་ཅན་གྱི་སྲིད་ཇུས་བཟོ་བ་དང་གནད་སྨིན་ཅན་གྱི་སྒྱུར་བཀོད་ལག་བསྟར་བྱ་ཆེད་ཞིབ་ཅིང་ཕྲ་བའི་གྲངས་གཞིའི་འདེགས་སྐྱོར་མཁོ་འདོན་བྱས་ནས་སྒྱུར་བཀོད་ལས་དོན་འབེན་གཏད་ཇུས་བསྟར་ཐུབ་པའི་འགན་ལེན་བྱས་པ་རེད།
སྲིད་ཇུས་ཀྱི་ཁེ་སྤོགས་ཡོད་པས་ཕུར་ཆོས་སྒྲོན་བཟའ་ཚོ་གཉིས་དགའ་ཚོར་ཆེན་པོ་བྱུང་ནས་མཚན་མོ་དེ་རང་དུ་སློབ་གྲྭར་ཡོད་པའི་བུ་གཉིས་དང་དྲ་ཐོག་ནས་ཁང་པ་རྒྱག་པའི་འཆར་གཞི་གྲོས་བསྡུར་བྱས། སྐྱེད་སྦྱར་དངུལ་བུན་སྒོར་ཁྲི་7ལྷག་ཙམ་རག་པའི་ཐོག་ཁྱིམ་གྱི་གསོག་དངུལ་བསྣན་ནས་འཛུགས་སྐྲུན་ཇུས་གཞིའི་འཆར་འགོད་ལྟར་ནང་མི་ཚང་མའི་བསམ་འདུན་དང་བསྟུན་ཏེ་ཕུར་ཆོས་སྒྲོན་ཁྱིམ་གྱི་སྡོད་ཁང་གསར་པ་བདེ་བླག་ངང་སྐྲུན་འགོ་ཚུགས་པ་རེད།
ཁང་པ་གསར་པ་བརྒྱབ་ཚར་རྗེས་ནང་ཆས་གང་དགོས་ཚང་མ་ཡོད་པ་དང་། ཐབ་ཚང་གཙང་ལ་ཆུ་བཤལ་གསང་སྤྱོད་ཡོད་པ། བུ་གཉིས་ལ་རང་རང་སོ་སོའི་བསམ་འདུན་ལྟར་ཉལ་ཁང་རེ་རེ་ཡོད་པ། སྨི་ངོས་གྲུ་75ཡོད་པའི་མགྲོན་བསུ་ཁང་དེ་དཀར་ཆ་དོད་ལ། ས་ངོས་སུ་པང་གཅལ་བཏིང་བ་དང་། ཁྱིམ་ཆས་ཚང་མ་ཤིང་གིས་བཟོས་ཤིང་། ཁང་པའི་ཐོག་གི་ཚོན་རིས་མཛེས་ལ་ཞིབ་ཚགས་པོ་ཡོད། མཚན་མོ་ཚོམས་ཆེན་ནང་གི་ཆུ་ཤེལ་གློག་སྒྲོན་གཉིས་སྤོར་སྐབས་ཁང་པ་དྲོ་སོབ་སོབ་ཏུ་འགྱུར་གྱི་ཡོད།
“དཔྱིད་རླུང”བྱ་སྤྱོད་སྤེལ་རིང་། རྫོང་དེས་ཡོམ་འགོག་བརྟན་སྐྱོར་གྱི་འཛུགས་སྐྲུན་ཚད་གཞི་རིམ་པ་8ལག་བསྟར་ནན་པོ་བྱས་པ་དང་། “དུད་ཚང་རེར་ཇུས་འགོད་རེའི”ཆེད་གཏོགས་ཨར་ལས་དཔེ་རིས་ཁྱབ་གདལ་བཏང་ནས་ཞུགས་འཐུས་ཨར་ལས་དཔུང་ཁག་གདམ་གསེས་ནན་པོ་བྱས་ཡོད། སྡོད་ཁང་འཛུགས་སྐྲུན་གྱི་འགག་རྩའི་ལྷུ་ཚིགས་19ཡི་ཞིབ་བཤེར་རྩིས་ལེན་གྱི་བརྒྱུད་རིམ་ཞིབ་ཚགས་སུ་བཏང་ནས་ཨར་ལས་བྱ་ཡུལ་དུ་སྐོར་ཞིབ་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་དང་། གནད་དོན་དུས་བཀག་ནང་དག་ཐེར་བྱེད་པ། ཁང་པ་ཇུས་འགོད་དང་ཨར་ལས་ཀྱི་འགོ་འཛུགས་པ་ནས་ལས་མཇུག་འགྲིལ་ཏེ་ཞིབ་བཤེར་རྩིས་ལེན་བྱེད་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་དོ་དམ་ཚོད་འཛིན་མ་ལག་འཛུགས་པ་བཅས་བྱས་ནས་སྒྱུར་བཀོད་ཁང་པ་ཚང་མའི་ཡོམ་འགོག་ཚད་གཞི་ལོན་པ་དང་སྤུས་ཚད་ལེགས་པོ་ཡོང་བའི་འགན་སྲུང་བྱས་ཡོད།
སྡོད་ཁང་སྒྱུར་བཀོད་ནི“སྡོད་ཁང་ཡག་པོ་ཡོད་པའི”དམངས་འཚོའི་འདུ་འགོད་ཡིན་པ་མ་ཟད། ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་ཐོན་ལས་ཀྱི་སྒུལ་ཤུགས་ཀྱང་རེད། མལ་གྲོ་གུང་དཀར་རྫོང་གིས“དཔྱིད་རླུང”བྱ་སྤྱོད་འབྲེལ་ཐག་ཏུ་བྱས་ཏེ“མི་སྤྱོད་དང་། བོགས་གཏོང་། ཐོན་ལས”བཅས་འབབ་འཕར་གྱི་ཐབས་ལམ་གསུམ་ཤར་གཏོང་བྱས་ནས་བདེ་སྡོད་དང་འབབ་འཕར་ཟུང་འབྲེལ་གྱི་འཕེལ་རྒྱས་གཏོང་སྟངས་བཏོད་ཡོད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2025ལོར“དཔྱིད་རླུང”བྱ་སྤྱོད་རྣམ་གྲངས་ཀྱིས་རིམ་རྩིས་བརྒྱབ་ན་ས་གནས་དེ་གའི་མང་ཚོགས་ལ་ངལ་ནུས་ཡོང་འབབ་སྒོར་ཁྲི་665.82འཕར་བར་སྐུལ་ཁྲིད་བྱས་པ་དང་། རྫོང་ཡོངས་ཀྱི་ཞིང་དུད་ཀྱི་འཕྲུལ་ཆས་བོགས་གཏོང་གི་སྤྱིའི་ཡོང་འབབ་སྒོར་ཁྲི་2029.76ཟིན་ཞིང་། ས་གནས་དེ་གའི་འཛུགས་སྐྲུན་རྒྱུ་ཆའི་ཐོན་ལས་ལ་འབབ་འཕར་སྒོར་ཁྲི་196ཡོང་བར་སྐུལ་ཁྲིད་བྱས་པ་དང་། ས་གནས་དེ་གའི་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ལ་ཕྱོགས་བསྡུས་འབབ་འཕར་སྒོར་ཁྲི་3370ལྷག་ཙམ་བྱུང་ནས་རྣམ་གྲངས་འཛུགས་སྐྲུན་དང་མང་ཚོགས་ལ་འབབ་འཕར་ཡོང་བར་ཕན་ཚུན་སྐུལ་མ་ཐེབས་ཡོད།
འབབ་འཕར་གྱི་ཐབས་ལམ་རེ་རེ་ནི་དྲོད་རྒྱུན་རེ་རེ་དང་མཚུངས་ཤིང་། ཞིང་འབྲོག་པས་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་བཏང་བ་དང་ཆབས་ཅིག ཡོང་འབབ་ཀྱང་མང་དུ་སོང་བ་དང་གྲོང་གསེབ་འཛུགས་སྐྲུན་ནང་ཞུགས་པའི་ཧུར་སེམས་ཀྱང་ཇེ་ཆེར་ཕྱིན་ནས་གྲོང་གསེབ་དར་རྒྱས་ལ་མུ་མཐུད་སྒུལ་ཤུགས་བསྣན་ཡོད།
སྡོད་ཁང་གསར་པ་བསྐྲུན། བདེ་སྐྱིད་འཚོ་བར་རོལ། ཡུལ་ཕྱོགས་འདིའི་ཞིང་འབྲོག་མང་ཚོགས་སྔར་བས་མཛེས་ཤིང་ཕུན་སུམ་ཚོགས་པའི་འཚོ་བ་གསར་པའི་ཕྱོགས་སུ་སྐྱོད་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།