དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཞི་ཅིན་ཕིང་གིས་ནེ་པ་ལར་ཆུ་རུད་ཀྱི་གནོད་འཚེ་ཐོན་པར་ནེ་པ་ལའི་ཙུང་ཐུང་པའོ་ཏེར་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

    ལི་ཆང་གིས་ནེ་པ་ལའི་ཙུང་ལི་པཱ་ལུན་ཏེ་ལཱར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-29

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པ་ལར་ཆུ་རུད་ཀྱི་གནོད་འཚེ་ཐོན་པར་ནེ་པ་ལའི་ཙུང་ཐུང་པའོ་ཏེར་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཉིན་ཤས་གོང་ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་སྐྱིད་གྲོང་གི་རི་ཟུར་འགག་སྒོར་ཆུ་རུད་ཀྱི་གནོད་འཚེ་ཚབས་ཆེན་ཐོན་ནས་མི་སྣ་ཤི་རྨས་དང་། འབྲེལ་བ་ཆད་པ། རྒྱུ་ནོར་གྱི་གྱོང་གུན་བཅས་ཀྱི་གནས་ཚུལ་ཚབས་ཆེན་ཐོན་ཡོད། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཟབ་མོ་ཞུ་རྒྱུ་མ་ཟད། རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མི་དང་། རྨས་མ། གེགས་ཁུལ་གྱི་མང་ཚོགས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུ་རྒྱུ་ཡིན།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་དང་། འབྲེལ་ཡོད་མང་ཚོགས་གནས་སྤོ་བཀོད་སྒྲིག དུས་ཚོད་དམ་འཛིན་གྱིས་རྨས་མ་སྐྱོབ་བཅོས་བཅས་བྱས་ཏེ། མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་ཅི་ཐུབ་བྱེད་པ་དང་འབྲེལ། ཞོར་ཐོན་གནོད་འཚེ་མ་ཐོན་པ་བྱེད་བཞིན་ཡོད། ཀྲུང་གོ་དང་ནེ་པ་ལའི་རི་ཆུ་ཕན་ཚུན་འབྲེལ་ལ་ལས་དབང་གཅིག་མཐུན་ཡིན། ནེ་པ་ལ་ཕྱོགས་ཀྱིས་རོགས་སྐྱོབ་ལས་དོན་སྤེལ་བར་ཀྲུང་གོ་ཕྱོགས་ཀྱིས་གཞོཌ་འདེགས་ཧུར་ཐག་བྱས་ནས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ལག་གདང་སྦྲེལ་ནས་སྔ་ཙམ་གནོད་འཚེ་ལས་རྣམ་པར་རྒྱལ་ཏེ། ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།

    དེ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ནེ་པ་ལའི་ཙུང་ལི་པཱ་ལུན་ཏེ་ལཱར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།