ལི་ཆང་གིས་བོད་ལྗོངས་སྐྱིད་གྲོང་དུ་ཉེན་སེལ་རོགས་སྐྱོབ་དང་འཕྲལ་སྡོམ་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར། ཟླ་8ཚེས་27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་སྐྱིད་གྲོང་འགག་སྒོའི་ཆུ་རུད་ཀྱི་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་དང་འཕྲལ་སྡོམ་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་གནང་བར་ཕེབས་པ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གེགས་ཁུལ་གྱི་མང་ཚོགས་ལ་ཐུགས་ཁྲལ་ཆེན་པོ་གནང་ནས། ཉེན་སེལ་རོགས་སྐྱོབ་དང་འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་སྟོན་གལ་ཆེན་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བཏོན་ནས་ཉེན་སེལ་རོགས་སྐྱོབ་དང་འཕྲལ་སྡོམ་ཐག་གཅོད་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད།
ལི་ཆང་གཞིས་རྩེ་གནམ་ཐང་དུ་ཕེབས་འབྱོར་ཟིན་པ་དང་འཕྲལ་མར་སྐྱིད་གྲོང་གི་གནོད་འཚེ་ཕོག་ཁུལ་དུ་ཕེབས་ཏེ། ས་གནས་ས་ཐོག་ཏུ་གནོད་འཚེའི་གནས་ཚུལ་ལ་གཟིགས་ཞིབ་དང་ཉེན་སེལ་རོགས་སྐྱོབ་མི་སྣར་གཟིགས་ནས་འཚམས་འདྲི་གནང་ཞིང་། ཁོང་གིས། ད་ཐེངས་ཀྱི་གནོད་འཚེ་ལས་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་ཐོན་པ་དེ་ནི་མི་རྣམས་སེམས་ཕངས་དགོས་པ་ཞིག་རེད། ཚན་རིག་དང་མཐུན་པའི་སྒོ་ནས་འཚོལ་སྐྱོབ་ཇུས་གཞི་བཟོས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་བྱེད་དགོས། རེ་བ་ཕྲན་བུ་ཙམ་ལས་མེད་ཀྱང་འཚོལ་སྐྱོབ་ཧུར་ཐག་འབད་ཐག་བྱེད་དགོས། འགྲོ་ལམ་དང་། འཕྲིན་གཏོང་། གློག་ཤུགས་སོགས་གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་མྱུར་དུ་ཉམས་བཟོ་བྱས་ནས་རོགས་སྐྱོབ་བགྲོད་ལམ་གང་མགྱོཌ་ཤར་གཏོང་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད། ཁོང་གིས། འཐབ་ས་དང་པོར་འབད་འཐབ་བྱེད་མཁན་ཉེན་སེལ་རོགས་སྐྱོབ་མི་སྣར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཁོང་ཚོས་དཀའ་ངལ་ཁྱད་བསད་དང་རྒྱུན་མཐུད་འབད་འཐབ་བྱ་རྒྱུའི་ཐུགས་རེ་གནང་བ་དང་སྦྲགས། ཁོང་ཚོར་ངེས་པར་དུ་རང་ཉིད་ཀྱི་བདེ་འཇགས་ཡག་པོ་སྲུང་དགོས་པའི་བཀའ་མངགས་ཀྱང་གནང་བ་རེད། དེ་རྗེས། ལི་ཆང་བཀོད་སྒྲིག་བྱ་ཡུལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ལ་གཟིགས་པར་ཕེབས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་འཚམས་འདྲི་བརྒྱུད་བསྒྲགས་གནང་བ་རེད། ཁོང་གིས། གེགས་སེལ་དངོས་ཟོག་མུ་མཐུད་གཏོང་འདྲེན་ཡག་པོ་བྱས་ནས་གནས་སྤོ་བཀོད་སྒྲིག་བྱས་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་འགན་ལེན་བྱས་ཏེ། ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཁོང་ཚོས་དངོས་སུ་ཚོར་ཐུབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
སྐྱིད་གྲོང་གི་ཆུ་རུད་གནོད་འཚེའི་མདུན་ཕྱོགས་བཀོད་འདོམས་པུའུ་རུ། ལི་ཆང་གིས་བོད་རང་སྐྱོང་ལྗོངས་དང་འབྲེལ་ཡོད་ཕྱོགས་ཀྱི་ལས་དོན་སྙན་སེང་གསན་པ་དང་འབྲེལ་ཉེན་སེལ་རོགས་སྐྱོབ་དང་འཕྲལ་སྡོམ་ཐག་གཅོད་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་ཞིང་། ཁོང་གིས། རོགས་སྐྱོབ་སྟོབས་ཤུགས་དང་སྒྲིག་ཆས་སྤྱི་འདོམས་ངང་བཀོད་གཏོང་དང་བཀོད་སྒྲིག་བྱེད་པ་དང་། ས་ཡུལ་དངོས་ཀྱི་གཅིག་གྱུར་བཀོད་འདོམས་ལ་ཤུགས་སྣོན་རྒྱག་པ། འབྲེལ་ཆད་མི་སྣའི་གནས་ཚུལ་སྔར་བས་ཕྱོགས་ཡོངས་ནས་གསལ་རྟོགས་ཐུབ་པ་བཅས་བྱས་ནས། ས་ཡུལ་དངོས་ཀྱི་རོགས་སྐྱོབ་ཤུགས་དང་ལྡན་པ་དང་། གོ་རིམ་ལྡན་པ། གོ་ཆོད་པ་བཅས་བྱེད་དགོས། སེམས་ནུས་ཡོད་རྒུས་རྗེས་འཇུག་ལས་དོན་ཡག་པོ་བསྒྲུབས་ཏེ་རྐྱེན་ལམ་དུ་ཤོར་བ་དང་འབྲེལ་ཆད་མི་སྣའི་ནང་མིར་མི་ཆོས་ཀྱི་སེམས་ཁུར་དང་སེམས་གསོ་གཏོང་བ་དང་། གོད་གསབ་དང་རྒུད་སྐྱོབ་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་བྱེད་དགོས། གནོད་འཚེ་ཕོག་པ་དང་དེ་བཞིན་མཐའ་འཁོར་ས་ཁོངས་ཀྱི་གནམ་གཤིས་དང་། ཆུ་དཔྱད། ས་གཤིས་སོགས་ལ་ལྟ་ཞིབ་ཚད་ལེན་དང་། སྔོན་བརྡ། ཉེན་བརྡ་བཅས་གཏོང་བར་ཤུགས་སྣོན་རྒྱག་པ་དང་། འཕྲོད་བསྟེན་ཐད་ཀྱི་རིམས་འགོག་དང་དུག་སེལ་ཡག་པོ་བྱས་ཏེ་ཞོར་ཐོན་གནོད་འཚེར་འགོག་ཟོན་ནན་པོ་བྱེད་དགོས། གནོད་འཚེའི་གནས་ཚུལ་དང་ཉེན་སེལ་རོགས་སྐྱོབ་ལས་དོན་གྱི་ཆ་འཕྲིན་ཡོངས་བསྒྲགས་ཐད་དྲང་གཞག་དང་ཕྱི་གསལ་ནང་གསལ་ཡོང་བར་བྱེད་དགོས། ཕྱི་ཕྱོགས་དང་འབྲེལ་བའི་འཕྲལ་སྡོམ་ཐག་གཅོད་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། འབྲེལ་ཡོད་ཕྱི་ཕྱོགས་དང་མཉམ་དུ་འབྲེལ་ཆད་མི་སྣ་མཐིལ་བཤེར་དང་རྗེས་འཇུག་ལས་དོན་སོགས་ཡག་པོ་སྒྲུབ་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་དེ་བས་ཡག་པོ་བཏོན་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སྣེ་ཁྲིད་ནས་གདེང་ཚོད་བརྟན་གཏོང་དང་དཀའ་གནད་མཉམ་སྒྲོལ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ལི་ཆང་གིས། མིག་སྔར་རང་རྒྱལ་དུ་སྔར་བཞིན་འབྲུབ་ཆུ་རྒྱས་སྒང་ཡིན་པས། འབྲུབ་འགོག་དང་མཚོ་ལྷགས་འགོག་པའི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེན་པོ་ཡོད། དེར་བརྟེན། མཐའ་ཟད་དང་མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་ཀྱིས་བག་གཡེང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། གཙོ་གནད་ས་ཁོངས་དང་ས་གནས་ལ་དམ་པོར་དམིགས་ནས་སྐོར་ཞིབ་དང་གྲལ་བཤེར་ནན་པོ་བྱེད་པ། རིགས་ཁག་གི་གནོད་འཚེ་སྔོན་འགོག་གི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
ཀྲང་གོ་ཆིང་དང་ཝུའུ་ཀྲེང་ལུང་གོང་གསལ་བྱེད་སྒོར་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།