དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཀྱི་ཕྱོགས་མང་སྟོབས་ཤུགས་སྐྱིད་གྲོང་འགག་སྒོར་རོགས་སྐྱོབ་བྱེད་པར་བསྐྱོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-29

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཟླ་8ཚེས་26ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཙམ་ལ་ནེ་པ་ལའི་ཕྱོགས་སུ་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་ཐོན་ཡོད་པ་རེད། མིག་སྔར། བོད་ལྗོངས་ཕྱོགས་ཀྱི་སྟོབས་ཤུགས་འཕྲལ་མར་གནས་ཚུལ་ཐོན་ཡུལ་དུ་རོགས་སྐྱོབ་ལས་དོན་སྤེལ་བར་བསྐྱོད་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱི་རྒུད་སྐྱོབ་དངོས་ཟོག་གྲབས་གསོག་མཛོད་ནས་གཏོང་སྤྲོད་བྱས་པའི་སྲིང་བལ་གྱི་སྟོད་གོས་8000དང་། སྲིང་བལ་གྱི་གུར་2000 སྲིང་བལ་གྱི་ཉལ་ཆས་3000 ཉལ་ཁྲི་5000 བཞའ་གདན་5000བཅས་ཆུ་ཚོད་17དང་སྐར་མ་35ཡི་ཐོག་རླངས་འཁོར་ནང་བླུགས་ནས་རྡོག་ཐོན་བྱས་པ་རེད། བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གིས་རླངས་འཁོར་152དང་མི་792གནས་ཚུལ་ཐོན་ཡུལ་དུ་འཕྲལ་སྡོམ་རོགས་སྐྱོབ་བྱེད་པར་བཏང་ཡོད། བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ཁྱོན་རླངས་འཁོར་72དང་མེ་ཟོན་རོགས་སྐྱོབ་མི་སྣ་431བཏང་བ་དང་། རྫི་ཁྱི་འཁྲིད་པ། དེ་བཞིན་གསོན་པོ་འཚོལ་ཆས་དང་གདོང་མཆོང་གྲུ་གཟིངས་སོགས་རོགས་སྐྱོབ་ཡོ་ཆས་ཁྱེར་ནས་ས་ཡུལ་དངོས་སུ་བསྐྱོད་ཡོད།

    མིག་སྔར། སྐྱིད་གྲོང་འགག་སྒོར་སྐྱོད་སའི་རང་ཕྱོགས་ཀྱི་གཞོགས་གཅིག་གི་བགྲོད་ལམ་དང་། འཕྲིན་གཏོང་། གློག་ཤུགས་སོགས་ཆད་ཡོད། བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱིས་རླངས་འཁོར་15མངགས་པ་དང་། མི་52ཀྱིས་འོད་སྐུད་དང་། སྲུང་སྐར་ཁ་པར་སོགས་རོགས་སྐྱོབ་ཡོ་ཆས་ཁྱེར་ནས་ས་ཡུལ་དངོས་སུ་ལས་དོན་སྒྲུབ་པར་བསྐྱོད་ཅིང་། འོད་སྐུད་དང་ལྟེ་བའི་འཁོར་ཁང་སོགས་འཕྲིན་གཏོང་སྒྲིག་བཀོད་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་དང་། གློག་ཤུགས་འཕྲལ་སྡོམ་གྱི་ཉེན་སེལ་སྟོབས་ཤུགས་ཁག་དང་པོ་བོད་ཀྱི་སྐྱིད་གྲོང་འགག་སྒོར་སླེབས་ཟིན་པའི་ཁར། མྱུར་བཟོ་བ་5དང་། འབྲིང་གནོན་གློག་འདོན་རླངས་འཁོར་1 འཕྲལ་སྡོམ་གློག་སྒྲོན་ཆུང་གྲས་2བཅས་ཚང་མ་དམིགས་སར་འབྱོར་ཏེ་ཉེན་སེལ་གྱི་རྨང་གཞིའི་གློག་སྤྱོད་དང་མཚན་མོའི་གློག་སྒྲོན་འགན་སྲུང་བྱས་ཡོད། རྗེས་མཐུད་ཀྱི་འཕྲལ་སྡོམ་གློག་འདོན་དང་གློག་སྒྲོན་གྱི་སྒྲིག་བཀོད་དག་འཐབ་ས་དང་པོར་རྒྱུན་མཐུད་བསྐྱལ་ནས་ས་ཡུལ་དངོས་ཀྱི་འཕྲལ་སྡོམ་གློག་ཤུགས་ཀྱི་འགན་ལེན་ནུས་པ་ཁ་གསབ་དང་སྟོབས་ཆེར་བཏང་ཡོད།

    གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱས་པ་ལྟར་ན། ཟླ་8ཚེས་26ཉིན་གྱི་ས་སྲོས་ནས་ཟླ་8ཚེས་30ཉིན་བར་དུ། སྐྱིད་གྲོང་རྫོང་གི་ས་ཆ་ཕལ་ཆེ་བར་ཆར་པ་ཆུང་བ་ནས་འབྲིང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ་ཡིན་ཞིང་། སྐྱིད་གྲོང་རྫོང་གི་ས་བབ་དམའ་སར་ཆར་པ་ཆེན་པོའི་གནོད་འཚེའི་ཉེན་ཁ་ཡོད་ལ་ས་ཆ་ཁག་གཅིག་ཏུ་ཤྭ་འོད་དང་། ཆུ་རུད། རི་ཉིལ་བ་སོགས་ཀྱི་ཞོར་ཐོན་གནོད་འཚེ་ཐོན་སླ་པོ་ཡོད། ས་གནས་ཁག་ཏུ་ཕྱི་དྲོ་ནས་མཚན་མོའི་བར་ཐོག་རྒྱག་རླུང་འཚུབ་དང་། སེར་བ། དུས་ཐུང་གི་ཆར་པ་དྲག་པོ་སོགས་གཏད་རྒྱུག་རང་བཞིན་གྱི་གནམ་གཤིས་བསྟན་སླ་པོ་ཡོད་པའི་རྐྱེན་གྱིས་གནོད་འཚེ་ཐོན་ཉེན་ཡོད། གནམ་གཤིས་སྡེ་ཚན་གྱིས། འགྲིམ་འགྲུལ་དང་ཡུལ་སྐོར་གྱི་བདེ་འཇགས་ལ་དོ་དམ་ཡག་པོ་བྱེད་པ་དང་། གཏད་རྒྱུག་རང་བཞིན་གྱི་གནམ་གཤིས་ལས་ཞིང་འབྲོག་ལས་ཐད་ཀྱི་ཐོན་སྐྱེད་དང་ཕྱི་རོལ་དུ་འགྲོ་སྐྱོད་སོགས་ཀྱི་སྐབས་ཤུགས་རྐྱེན་ངན་པ་མི་ཕོག་པ་བྱེད་དགོས་ཞེས་དྲན་སྐུལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།