དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱིད་གྲོང་གི་འདམ་རྡོའི་ཆུ་རུད་ཀྱི་འབྱུང་རྐྱེན་འདི་རེད་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-08-28

    ཚེས་27ཉིན། གསར་འགོད་པར་རང་བྱུང་ཐོན་ཁུངས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་སྐྱིད་གྲོང་གི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ནི་ནེ་པ་ལའི་མངའ་ཁོངས་སུ་མཐོ་སའི་གངས་འཁྱགས་ཉིལ་ནས་འཁྱགས་ཧྲུག་མང་པོ་རུད་པ་དང་དེའི་རྐྱེན་ལས་ཉེ་འཁོར་དུ་འདམ་རྡོའི་ཆུ་རུད་ཐོན་པའི་མུ་འབྲེལ་གནོད་འཚེ་ཞིག་ཡིན་པ་རེད།

    ཟླ་8ཚེས་26ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཙམ་ལ་ནེ་པ་ལའི་གཞོགས་སུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་ནས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་ཐོན་པ་རེད། རང་བྱུང་ཐོན་ཁུངས་པུས་ཚེས་26ཉིན་གྱི་ཆུ་ཚོད་15པར་ས་གཤིས་གནོད་འཚེ་སྔོན་འགོག་གི་རིམ་པ་གཉིས་པའི་ལན་ཆ་བྱེད་འགོ་ཚུགས་པ་དང་འབྲེལ། ས་གནས་ས་ཐོག་ཏུ་ལས་དོན་ཚོགས་ཆུང་མངགས་ནས་ཉེན་སེལ་རོགས་སྐྱོབ་དང་ཞོར་ཐོན་ས་གཤིས་གནོད་འཚེ་སྔོན་འགོག་སོགས་ཀྱི་ལས་དོན་སྤེལ་བར་མཛུབ་ཁྲིད་བྱེད་བཞིན་ཡོད།

    ཀྲུང་གོ་རང་བྱུང་ཐོན་ཁུངས་མཁའ་འགྲུལ་དངོས་དཔྱད་རྒྱང་ཚོར་ལྟེ་གནས་ཀྱི་མཐོ་རིམ་བཟོ་སྐྲུན་ཆེ་མོ་བ་ཀུའོ་ཀྲའོ་ཁྲེང་གིས། རིགས་གཅིག་མཁས་ཅན་གྱིས་ཞིབ་འཇུག་བརྡར་གཅོད་བྱས་པ་བརྒྱུད། དབྱེ་འབྱེད་ཚད་མཐོ་བའི་རྒྱང་ཚོར་པར་རིས་ལས་མངོན་པ་ལྟར་ན། སྐྱིད་གྲོང་འགག་སྒོའི་སྟོད་རྒྱུད་ཀྱི་ནེ་པ་ལའི་མངའ་ཁོངས་ཀྱི་ཏུང་ལིང་གཙང་པོའི་ཡན་ལག་ཆུ་བོ་ཡིན་པའི་ཀོ་པ་རོང་ཆུའི་སྟོད་རྒྱུད་ཀྱི་མཐོ་སའི་གངས་འཁྱགས་ཉིལ་ནས་འཁྱགས་རུད་བྱུང་བ་དང་། འཁྱགས་རུད་ཀྱི་འཁྱགས་ཧྲུག་ཆུ་ལམ་དུ་ཕུང་གསོག་ཐེབས་པ་མ་ཟད་དམའ་སར་ཤུགས་ཀྱིས་བཞུར་བས། མཐར་དྲག་ཏུ་རྒྱུག་པའི་འདམ་རྡོའི་ཆུ་རུད་ལ་གྱུར་ཏེ་སྐྱིད་གྲོང་འགག་སྒོར་སླེབས་ནས་མི་སྣ་ཤི་རྨས་ཚབས་ཆེན་བཟོས་ཡོད་ཅེས་ངོ་སྤྲོད་གནང་འདུག

    དེར་བརྟེན། ད་ཐེངས་ཀྱི་གནོད་འཚེ་དེ་ན་ནིང་བོད་ལྗོངས་སྐྱིད་གྲོང་འགག་སྒོར་བདུན་པའི་ཚེས་བརྒྱད་ཉིན་ཐོན་པའི་འཁྱགས་རོམ་མཚེའུ་ཡི་རགས་ཁ་ཤོར་བའི་དོན་རྐྱེན་གྱི་འབྱུང་རྐྱེན་དང་མི་འདྲ་བ་རེད། རིགས་གཅིག་མཁས་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འཁྱགས་རུད་བྱུང་རྗེས་མྱུར་དུ་རྒྱུག་པའི་འདམ་རྡོའི་ཆུ་རུད་ནང་དངོས་པོ་མི་འདྲ་བ་མང་པོ་འཁྱེར་ཡོད་པས། དེ་ལས་བྱུང་བའི་གནོད་འཚེ་ནི་འཁྱགས་རོམ་མཚེའུ་ཡི་རགས་ཁ་ཤོར་བ་ལས་ཆེ་བ་ཡོད་པ་རེད། དེ་དང་ཆབས་ཅིག ཀོ་པ་རོང་ཆུ་དང་། ཏུང་ལིང་གཙང་པོ། སྐྱིད་གྲོང་འགག་སྒོ་སོགས་ཀྱི་ས་ཆ་ཁ་ཤས་སུ་ཆུ་འགག་ནས་འཁྱིལ་མཚོ་ཆགས་བཟོ་ཡོད་པ་དང་། དེའི་ཐོག་ས་གནས་དེ་གར་རྒྱུན་མཐུད་ཆར་པ་འབབ་བཞིན་ཡོད་པས། རིགས་གཅིག་མཁས་ཅན་གྱིས་འཚོལ་སྐྱོབ་མི་སྣར་སྟོད་རྒྱུད་ནས་ཆུ་ལོག་ཐོན་རྒྱུར་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་འདུག

    ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།