དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་གནང་བ།

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-08-28

    ཟླ་8ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 

    ཚོགས་འདུ་འགོ་ཚུགས་སྐབས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚང་མ་ཡར་བཞེངས་ནས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེའི་ཁྲོད་དུ་རྐྱེན་ལམ་དུ་ཤོར་མཁན་ལ་ངག་བསྡམས་ནས་མྱ་ངན་ཞུ་དགོས་པའི་གྲོས་འགོ་བཏོན་གནང་བ་རེད། 

    ཚོགས་འདུར་བསྟན་དོན། ད་ཐེངས་ནེ་པ་ལའི་ཕྱོགས་སུ་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་དང་མི་མང་པོ་ཞིག་འབྲེལ་བ་ཆད་ཡོད། གནོད་འཚེ་ཐོན་རྗེས་ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་མར་མཛུབ་སྟོན་གལ་ཆེན་གནང་ནས་ཉེན་སེལ་རོགས་སྐྱོབ་དང་འཕྲལ་སྡོམ་བཀོད་སྒྲིག་སོགས་ཀྱི་ལས་དོན་ལ་བླང་བྱ་ཁ་གསལ་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གནོད་འཚེ་ཕོག་ཁུལ་དུ་ཕེབས་ནས་གནོད་འཚེ་ཕོག་པའི་མང་ཚོགས་དང་ཉེན་སེལ་རོགས་སྐྱོབ་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བ་དང་ས་ཡུལ་དངོས་སུ་ཉེན་སེལ་རོགས་སྐྱོབ་དང་འཕྲལ་སྡོམ་བཀོད་སྒྲིག་ལས་དོན་ལ་མཛུབ་ཁྲིད་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་ས་ཡུལ་དངོས་སུ་མཛུབ་ཁྲིད་དང་བཀོད་སྒྲིག་གནང་བར་ཕེབས་ཡོད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་ཚོགས་ཆུང་གི་མཛུབ་ཁྲིད་འོག་བོད་རང་སྐྱོང་ལྗོངས་དང་འཕྲལ་སྡོམ་དོ་དམ་པུའུ་སོགས་འབྲེལ་ཡོད་སྡེ་ཚན་དང་། མེ་ཟོན་རོགས་སྐྱོབ་དཔུང་ཁག ཀྲུང་གོ་ཨན་ནེང་སོགས་ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་ཀྱིས་བྱ་སྤྱོད་མགྱོགས་མྱུར་སྤེལ་བ་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་བཀའ་འབྱོར་མ་ཐག་རྡོག་ཐོན་བྱས་པ་དང་དུས་ཐོག་ཏུ་དམིགས་སར་འབྱོར་ནས། ཉེན་སེལ་རོགས་སྐྱོབ་ལས་དོན་ཛ་དྲག་ལ་གོ་རིམ་ལྡན་པའི་ངང་སྤེལ་བ་མ་ཟད་མང་ཚོགས་བཀོད་སྒྲིག་སོགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད་པ་རེད། 

    ཚོགས་འདུར་ནན་བཤད་གནང་དོན། ད་ཐེངས་ཀྱི་གནོད་འཚེ་ས་མཐོའི་མཐོ་གྲང་ས་ཁུལ་དུ་ཐོན་ཞིང་། གྲོག་རོང་གཡང་གཟར་ཆེ་ལ་གནམ་གཤིས་འགྱུར་ལྡོག་མང་བ་དང་། ཉེ་འཁོར་དུ་འཁྱགས་རོམ་དང་། འཁྱགས་མཚོ། དེ་བཞིན་ས་གཤིས་བཅས་ཀྱི་གནོད་འཚེ་མི་ཉུང་བ་སྔར་བཞིན་ཡོད་པས་ཉེན་སེལ་རོགས་སྐྱོབ་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཡོད། འབྲེལ་ཡོད་ཕྱོགས་ཁག་གིས་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་ལ་ཕན་འབྲས་ཆེ་བའི་བྱ་ཐབས་ལ་བརྟེན་ནས་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས། ཚན་རིག་དང་མཐུན་པའི་འཚོལ་སྐྱོབ་ཇུས་གཞི་བཟོས་ནས་རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཆད་མི་སྣ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱེད་དགོས། སྡེ་ཚན་མང་པོས་མཉམ་འབྲེལ་གྲོས་མོལ་མང་ཙམ་བྱས་ནས། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། འཁྱིལ་མཚོ་དང་མཐའ་འཁོར་གྱི་རི་བོའི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱས་ཏེ། བྱེད་ཐབས་ནུས་ལྡན་སྤྱད་ནས་ཞོར་ཐོན་གནོད་འཚེ་རྩ་བ་ཉིད་ནས་མ་ཐོན་པ་བྱེད་དགོས། ས་ཡུལ་དངོས་ཀྱི་མི་སྣའི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རོགས་སྐྱོབ་ཀྱི་བརྒྱུད་རིམ་ཧྲིལ་པོ་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་བྱས་ནས་འཆི་གོད་གྱོང་གསབ་དང་རྒུད་སྐྱོབ་སོགས་ཀྱི་རྗེས་མཐུད་ལས་དོན་ཞིབ་ཚགས་པོ་དང་ཡག་པོ་སྒྲུབ་དགོས། ནེ་པ་ལའི་གནོད་འཚེ་ཕོག་པའི་ས་ཁུལ་ལ་རོགས་སྐྱོར་བྱས་ནས་རྒྱལ་སྤྱིའི་རོགས་སྐྱོབ་ཀྱི་མཉམ་ལས་བྱེད་དགོས། 

    ཚོགས་འདུར་བསྟན་དོན། ཉེན་ཁའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་མཐིལ་རྟོགས་བྱས་ཏེ་མཚོ་བོད་ས་མཐོའི་འཁྱགས་རོམ་དང་འཁྱགས་མཚོར་མགྱོགས་མྱུར་བརྟག་དཔྱད་བྱེད་པ་དང་། འགུལ་རྣམ་གྱི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ། གནོད་འཚེའི་ཞོར་ཐོན་ཉེན་ཁ་དབྱེ་འབྱེད་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། འཕྲལ་སྡོམ་ཐག་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གཙང་པོའི་སྟོད་རྒྱུད་དང་སྨད་རྒྱུད་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དང་། སྔོན་བརྡ་གཏོང་བ། བརྡ་ལན་སྤྲོད་པ་སོགས་ཀྱི་མཉམ་འགུལ་ལས་དོན་ལ་ཤུགས་སྣོན་རྒྱག་པ། ཉེན་ཁའི་ཁུལ་གྱི་མང་ཚོགས་གནས་སྤོ་དང་བཀོད་སྒྲིག་ཡག་པོ་བྱེད་དགོས། ཉེན་སེལ་རོགས་སྐྱོབ་ཀྱི་འགག་རྩའི་སྟོབས་ཤུགས་ཆེ་རུ་བཏང་ནས་གནོད་འཚེ་ཐོན་ཉེན་ཆེ་བའི་ས་མཐོ་དང་། རི་ཁུལ། མཐའ་མཚམས་སོགས་ཐག་རིང་ལུང་ཁུག་ས་ཁུལ་དུ་མེ་ཟོན་རོགས་སྐྱོབ་དང་ལས་གྲྭའི་ཉེན་སེལ་སོགས་ཀྱི་སྟོབས་ཤུགས་བཀོད་སྒྲིག་འོས་འཚམ་བྱས་ཏེ་ལམ་དང་། གློག དྲ་བ་བཅས་ཆད་པའི་འོག་གི་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་དགོས། མཐའ་མཚམས་ཀྱི་གནོད་འཚེ་དོ་དམ་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་འཕྲལ་སྡོམ་དོ་དམ་དང་གནོད་འཚེ་སྔོན་འགོག་དང་། ཉུང་གཏོང་། དེ་བཞིན་གེགས་སེལ་སོགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། 

    ཚོགས་འདུར་ནན་བཤད་བྱས་དོན། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་ཡག་པོ་དང་། མཐའ་ཟུར་གྱི་བསམ་གཞིག་དང་མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས “དུས་དང་རྣམ་པ་ཀུན་ཏུ་བློ་ལ་འཆང་བའི”ཆབ་སྲིད་ཀྱི་འགན་སེམས་ཆེ་རུ་གཏོང་བ་བཅས་བྱས་ནས་བདེ་འཇགས་བརྟན་ལྷིང་གི་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས། 

    ཚོགས་འདུར་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།