མཐའ་མཚམས་ཡུལ་དུ་ཏང་དར་ལྷབ་ལྷུབ་གཡོ། ཐོན་ལས་དར་བས་ཞིང་ཁྱིམ་ཕྱུག་པོར་གྱུར།
——ལྗོངས་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་སྨན་གླིང་གྲོང་ཁྱེར་སྨན་གླིང་གྲོང་རྡལ་གླང་ཐར་གྲོང་ཚོའི་ཏང་ཀྲི་པུའི་སྐོར་བཀོད་པ།
2023ལོའི་ཟླ་8པར། དུད་ཚང་111གི་མང་ཚོགས་448སྨན་གླིང་གྲོང་ཁྱེར་བཀྲ་ཤིས་རབ་བརྟན་ཤང་ཁང་གསར་གྲོང་ཚོ་དང་ཟེང་ཕུ་གྲོང་ཚོ་ནས་སྨན་གླིང་གྲོང་རྡལ་བམ་གྲོང་རོང་ཁུལ་གྱི་གླང་ཐར་བཀོད་སྒྲིག་བྱ་ཡུལ་དུ་སྤོས། གསར་དུ་བཙུགས་པའི་གླང་ཐར་གྲོང་ཚོའི་ཏང་ཀྲི་པུའི་སྣེ་ཁྲིད་འོག་གནས་སྤོས་གྲོང་ཚོ་གསར་པ་ཞིག་གིས་ལོ་གཉིས་ཁོ་ནར་མཐའ་བརྟན་མཐའ་དར་གྱི་དམངས་ཕྱུག་དཔེ་སྟོན་ཚད་ཤིང་གྲོང་ཚོ་བཏོད་ཡོད།
དེར་སྤོས་མ་ཐག་པའི་སྐབས་སུ་དེ་སྔའི་ཁང་གསར་གྲོང་ཚོའི་ཡུལ་མི་ཚོར་དོན་དག་ཡོད་ཚེ་ངོ་ཤེས་འཚོལ་གྱི་ཡོད་པ་དང་དེ་སྔའི་ཟེང་ཕུ་གྲོང་ཚོའི་གྲོང་མིའང་དེ་དང་འདྲ་བར་དེ་སྔའི་གྲོང་ཚོའི་ལས་བྱེད་པ་འཚོལ་གྱི་ཡོད། མི་སེམས་གཅིག་ཏུ་སྒྲིལ་མ་ཐུབ་པ་དང་མཉམ་ཤུགས་ཞན་པ་ནི་ཏང་ཀྲི་པུར་འཕྲད་པའི་དཀའ་གནད་དང་པོར་གྱུར་ཡོད།
དེ་སྔའི་གྲོང་ཁོངས་ཀྱི་དབྱེ་མཚམས་མེད་པ་བཟོ་ཆེད། ཏང་ཀྲི་པུས་སྣེ་ཁྲིད་དེ“ཏང་ཀྲི་པུའུ་དང་། ཏང་ཚོགས་ཆུང་། ཏང་ཡོན་གྱི་ལྟེ་བའི་དུད་ཚང”བཅས་རིམ་གསུམ་རྩ་འཛུགས་མ་ལག་བཙུགས་པ་དང་། “ཕྱོགས་གཉིས་སུ་སྐྱོད་པ་དང་ལས་འགན་གཅིག་ལྕོགས”ཀྱི་ལམ་སྲོལ་ཁྱབ་གདལ་བཏང་ནས་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ཕྱུག་འགྱུར་སྣེ་ཁྲིད་ཀྱི་འཇོན་ཐང་ཆེ་བ། མང་ཚོགས་ཀྱིས་ཡིད་ཆེས་བྱེད་པ་བཅས་ཀྱི་ཏང་ཡོན་བདམས་ནས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་ནང་བཅུག་སྟེ་ཏང་ཀྲི་པུའུ་མང་ཚོགས་ཀྱི“སྲོག་ཤིང”དུ་དངོས་འབྲེལ་འགྱུར་བར་བྱས་ཡོད།
ཏང་ཀྲི་པུས་མཐའ་སྟོབས་མཐའ་བརྟན་གྱི་སྲིད་ཇུས་སློབ་སྦྱོང་གི་གཙོ་གནད་དུ་བྱས་ནས་མང་ཚོགས་ཀྱིས་གོ་བདེ་ཤེས་སླའི་སྒྲོག་འགྲེལ་ལ་བརྟེན་ནས་ཏང་གི་རིགས་པའི་གཞུང་ལུགས་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱས་ཏེ་གྲོང་ཚོ་ཡོངས་ཀྱི“སེམས་པ་དམར་པོ་ཏང་ལ་ཕྱོགས། ས་ཁོངས་སྲུང་བའི་འགན་འཁྲི་སྒྲུབ”པའི་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ་རེད།
གླང་ཐར་གྲོང་ཚོས་ད་དུང་ཚད་ལྡན་གྱི་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་དང་། ཏང་ཡོན་གྱི་བྱེད་སྒོ་ཁང་། དམངས་ཕན་ཞབས་ཞུའི་ས་ཚིགས་བཅས་བསྐྲུན་ནས་ཏང་འཛུགས་སྐྱོང་གི་དཔེ་དེབ་དང་ཚན་རིག་ཁྱབ་གདལ་གྱི་དཔྱད་གཞིའི་ཡིག་རིགས་བཀོད་སྒྲིག་བྱས་ཏེ་ཏང་ཡོན་དང་མང་ཚོགས་ལ་སློབ་སྦྱོང་གྲོས་བསྡུར་དང་། ལས་སྒྲུབ་ཞབས་ཞུ། རིག་གནས་བྱེད་སྒོ་བཅས་སྤེལ་སའི“གསར་བརྗེའི་ཁྱིམ་གཞིས”བསྐྲུན་པ་རེད།
གླང་ཐར་གྲོང་ཚོར་སྲོལ་རྒྱུན་གྱི་ཞིང་ལས་ཡོང་འབབ་མང་པོ་མེད་པས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་དགོས་ན་ངེས་པར་དུ་ས་གནས་དེ་གར་འཚམ་པའི་ཁྱད་ལྡན་ཐོན་ལས་ཀྱི་ལམ་བུའི་ཐོག་སྐྱོད་དགོས་ཀྱི་ཡོད། ཏང་ཀྲི་པུའི་ཧྲུའུ་ཅི་བློ་བཟང་ཚེ་རིང་གིས་ཏང་ཡོན་རྐང་འཛིན་པའི་སྣེ་ཁྲིད་དེ་ཕྱོགས་བསྐྱོད་ནས་མང་པོར་བསྐྱོད་ནས་བརྟག་ཞིབ་དང་ཕྱི་ཕྱོགས་སུ་བསྐྱོད་ནས་རྟོག་ཞིབ་སློབ་སྦྱོང་བྱས་མཐར་ས་མཐོའི་གནམ་གཤིས་དང་འཚམ་པ་དང་ཁྲོམ་རའི་མདུན་ལམ་ཡངས་པའི་སི་ཁྲོན་གྱི་སྙི་བ་བཏབ་པ་རེད།
གླང་ཐར་གྲོང་ཚོས་མུའུ་540ཡོད་པའི་སི་ཁྲོན་གྱི་སྙི་བ་འདེབས་འཛུགས་ཐོན་ལས་གླིང་མགྱོགས་མྱུར་བསྐྲུན་ནས་སྲིད་གཞུང་གི་མ་འཇོག་དང་ཁེ་ལས་ཀྱི་མ་འཇོག་ཟུང་དུ་འབྲེལ་བའི་མ་དངུལ་གཏོང་སྟངས་སྣ་ཚོགས་སྤྱད་དེ་སྲིད་གཞུང་གི་མ་དངུལ་སྒོར་དུང་ཕྱུར་1.025བརྩོན་ལེན་དང་ཁེ་ལས་ཀྱི་མ་དངུལ་སྒོར་ཁྲི་3000ནང་འདྲེན་བྱས་ཏེ། ཤང་ཀང་ཅིང་ཏུའུ་ཉན་ཚི་ཨན་དང་བོད་ལྗོངས་ཆེད་བྲིན་བོད་སྨན་སོགས་ཁེ་ལས་གྲགས་ཅན་དང་མཉམ་འབྲེལ་བྱས་ནས་སྨན་གླིང་གྲོང་ཁྱེར་གྱི་ས་མཐོའི་ཞིང་ལས་ཚན་ཞིབ་དཔེ་སྟོན་རྟེན་གཞི་ཐུན་མོང་ཐོག་བསྐྲུན་ཁར། ཚན་ཞིབ་གསར་གཏོད་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་བར་བྱས་ཏེ་ཐོན་ལས་འཕེལ་རྒྱས་ལ“ལག་རྩལ་གྱི་སྒུལ་ཤུགས”བསྣན་པ་རེད།
ད་ཆ། འགྱིག་ཤོག་དྲོད་ཁང་ཆེ་མོ་54ཡོད་པའི་སི་ཁྲོན་གྱི་སྙི་བ་འདེབས་འཛུགས་རྣམ་གྲངས་ཕྱོགས་ཡོངས་ནས་ཐོན་སྐྱེད་བྱེད་འགོ་ཚུགས་ཏེ་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ལ་ཁེ་སྤོགས་སྒོར་ཁྲི་152བགོ་བཤའ་བརྒྱབ་པ་དང་། རིམ་རྩིས་བརྒྱབ་ན་མཐའ་འཁོར་གྱི་མི་ཐེངས་ཁྲི་2གླ་པ་རྒྱུག་པར་སྐུལ་ཁྲིད་བྱས་པ། ལས་མིར་གླ་ཆ་སྒོར་ཁྲི་402སྤྲོད་ཐུབ་པ་བཅས་བྱུང་ནས་མང་ཚོགས་ལ“ས་ཆར་བོགས་དངུལ་ཡོད་པ་དང་། མ་རྐང་ནང་ཞུགས་ཚེ་ཁེ་སྤོགས་ཡོད་པ། གླ་པ་རྒྱུག་པར་ཡོང་འབབ་ཡོད་པ”བཅས་ཀྱི་ཕན་འབྲས་དངོས་འབྲེལ་ཐོབ་ཡོད།
མི་རིགས་མང་པོ་འདུས་སྡོད་ཀྱི་གྲོང་ཚོ་ཡིན་པས། ཏང་ཀྲི་པུས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་དེ་སྲོག་རྩར་བརྩིས་ནས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། མི་རིགས་ཁག་གི་མང་ཚོགས་སྒྲིག་འཛུགས་བྱས་ཏེ་སྲོལ་རྒྱུན་གྱི་དུས་ཆེན་མཉམ་དུ་གཏོང་བ། མི་རིགས་ཀྱི་ཞབས་བྲོ་མཉམ་དུ་འཁྲབ་པ། འཕེལ་རྒྱས་ཀྱི་འཆར་གཞི་མཉམ་དུ་གླེང་བ་བཅས་བྱས་ཏེ་འབྲལ་མེད་མཉམ་གནས་བྱེད་རིང་བརྩེ་དུང་ཟབ་ཏུ་གཏོང་བ་དང་ཐུན་མོང་གི་ངོས་འཛིན་གཅིག་མཐུན་ཡོང་བར་བྱས་པ་རེད།
གྲོང་ཚོའི་ནང་ཆེད་མངགས“མི་རིགས་མཐུན་སྒྲིལ་གྱི་འདུམ་འགྲིག་ཁང”བཙུགས་ནས་ཏང་ཡོན་རྒན་གྲས་དང་ལས་བྱེད་པ་རྒན་གྲས་ལས་གྲུབ་པའི་འདུམ་འགྲིག་དཔུང་ཁག་གིས“ཞིང་ནང་འདུམ་འགྲིག”བྱེད་པའི་བྱེད་ཐབས་སྤྱད་དེ་དུས་ཐོག་ཏུ་ཁྱིམ་མཚེས་དབར་གྱི་འགལ་ཟླ་སེལ་བ་དང་མང་ཚོགས་ཀྱི་རྩོད་གཞི་ཐག་གཅོད་བྱས་ནས་གྲོང་ཚོ་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱས་པ་རེད།
ད་ཆ་གླང་ཐར་གྲོང་ཚོའི་འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་སི་ཁྲོན་གྱི་སྙི་བ་སྐྱེ་འཚར་ལེགས་པ་དང་། ཡངས་ཤིང་རྒྱ་ཆེ་བའི་གྲོང་ལམ་གཙང་ལ་ཁོད་སྙོམས་པ། མང་ཚོགས་ཀྱི་སྒོ་རའི་ནང་དགའ་སྤྲོའི་དགོད་སྒྲས་ཁེངས་པ། བཀྲག་མདངས་འཚེར་བའི་ཏང་དར་གཞི་རིམ་གྱི་འཐབ་ས་དང་པོར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།