དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱིད་གྲོང་དུ་བཙུགས་པའི་དིང་རིའི་དྲོ་སྐྱིད་མཚོན་པའི་ཐབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-28

    མཚན་གང་ཆར་པ་བབས་རྗེས་གནམ་གཞི་ནས་དྭངས།

    སྐྱིད་གྲོང་གྲོང་རྡལ་རིག་གནས་ཕྱོཌ་བསྡུས་ཞབས་ཞུ་ལྟེ་གནས་སུ་ཟས་འཁོར་ཞིག་སླེབས་ཤིང་རླངས་འཁོར་གྱི་གཞོགས་གཅིག་ཕྱེ་རྗེས། དིང་རི་རྫོང་མི་དམངས་སྲིད་གཞུང་གི་རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་པ་ཚེ་རིང་ཕུན་ཚོགས་དང་ལས་རོགས་ཚོས་འབྲས་དང་ཚལ་འཁྲུད་པ་དང་ཚལ་གཏུབ་ནས་འཐབ་ས་དང་པོའི་ཉེན་སེལ་མི་སྣར་ཚ་སོབ་སོབ་ཀྱི་དགུང་ཟས་གྲ་སྒྲིག་བྱེད་འགོ་ཚུགས།

    “2025ལོར་ང་ཚོར་ཡང་གནོད་འཚེ་ཕོག་མྱོང་ཡོད་པས། གེགས་ཁུལ་ལ་གང་མཁོ་བ་ཁ་གསལ་ཤེས་ཀྱི་ཡོད”ཅེས་ཚེ་རིང་ཕུན་ཚོགས་ཀྱིས་ཁ་ལག་བཟོ་ཞོར་དུ་བཤད་ཅིང་། ཁོང་གིས“སྐྱིད་གྲོང་གི་ཉེན་ཁའི་གནས་ཚུལ་ཤེས་རྗེས། རྫོང་ཨུད་དང་རྫོང་སྲིད་གཞུང་གིས་འཕྲལ་དུ་ང་ཚོ་འདི་གར་བཏང་བྱུང་། དིང་རི་རྫོང་ནས་ཐད་ཀར་ཡོང་བས་ཐོ་རེངས་ཙམ་ལ་གཞི་ནས་འབྱོར་བྱུང”ཞེས་བཤད།

    ཉེན་ཁའི་གནས་ཚུལ་ཐོན་རྗེས་འགག་སྒོར་སྐྱོད་སའི་གཞུང་ལམ་ཨ་མ་ཆུ་རུད་ཀྱི་བྱེ་འདམ་གྱིས་བཀག་པ་མ་ཟད། ལམ་གཞི་མང་པོ་ཞིག་ལ་གཏོར་སྐྱོན་ཕོག་ཡོད། སྐྱིད་གྲོང་གྲོང་རྡལ་ནས་འགག་སྒོ་བར་གྱི་ལམ་དུམ་ཕྱོགས་གཉིས་ཀར་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱས་ཡོད། ཕྱོགས་ཁག་གི་སྟོབས་ཤུགས་གེགས་ཁུལ་དུ་ཉེན་སེལ་བྱེད་པར་བསྐྱོད་པ་དང་ཆབས་ཅིག འཐབ་ས་དང་པོའི་རོགས་སྐྱོབ་མི་སྣ་དང་དང་བླངས་པས་ལྟོ་ཆས་ཚ་པོ་ཞིག་ཟ་ཐུབ་པ་བྱ་རྒྱུ་ནི་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་བྱ་བ་གལ་ཆེན་ཞིག་ཏུ་གྱུར་ཡོད།

    གནོད་འཚེ་ནི་བཀའ་རྒྱ་ཡིན། དིང་རི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་འཕྲལ་དུ་ལས་དོན་པ་7ལས་གྲུབ་པའི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་དཔུང་ཁག་གཅིག་བཙུགས་ཏེ། སྒུལ་བདེའི་ཟས་འཁོར་བཀོད་སྒྲིག་བྱས་པ་མ་ཟད། འབྲས་དང་། གྲོ་ཞིབ། སྣུམ། སྔོ་ཚལ་སོགས་བླུགས་ཏེ་ལམ་ཐག་རིང་བ་དང་། ལམ་མི་བདེ་བ། ས་མཐོའི་དྲོད་ཚད་ཧེ་བག་ཆེ་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་མཚན་འགྲུལ་བརྒྱབ་ནས་སྐྱིད་གྲོང་དུ་བསྐྱོད་ཡོད།

    ཟས་འཁོར་ནང་ཐབ་ལ་མེ་ཁ་གསོས་ཟིན་པས་རླངས་པ་འཚུབ་འཚུབ་ཏུ་འཕྱུར་འོང་། ལས་དོན་པ་ཚོས་ཐབ་ཀྱི་མདུན་དུ་ཚལ་འཁྲུད་པ་དང་། གཏུབ་པ། སྡེར་མའི་ནང་བླུག་པ་བཅས་ཀྱི་ལས་ལ་བྲེལ།

    ཉི་འོད་རླངས་འཁོར་གྱི་སྒེའུ་ཁུང་ནས་ཐབ་སྟེང་དུ་འཕྲོས་ཤིང་། ཚལ་སླང་ནང་གི་སྣུམ་ཚ་པོ་ཆགས་པ་དང་ཙོང་དང་སྒ་སྐྱ་སོགས་བླུགས་ནས་ཁ་ལག་བཟོ་འགོ་ཚུགས་པས་དྲི་ཞིམ་གང་སར་འཐུལ་འོང་།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།