མཚོ་སྔོན་གྱིས་ཐག་རིང་ཞིང་འབྲོག་ཁུལ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་བསལ་བ།
ཉེ་ཆར། གསར་འགོད་པར་2026ལོའི་མཚོ་སྔོན་ཞིང་ཆེན་གྱིས“ཡག་པོ་བཞིའི་གྲོང་གསེབ་ལམ་བུ”སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ས་གནས་ས་ཐོག་གི་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ད་ལོ་མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་ཀུན་ཕན་རང་བཞིན་དང་། ཐ་སྐྱོང་རང་བཞིན། རྨང་གཞིའི་རང་བཞིན་བཅས་ཀྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་ཁུལ་གྱི་གཞུང་ལམ་ལེགས་སུ་གཏོང་བར་ནུས་ཤུགས་བསྒྲིལ་བས“ཡག་པོ་བཞིའི་གྲོང་གསེབ་ལམ་བུའི”ལས་ཀའི་སྤྱི་ཡོངས་ཀྱི་འཕེལ་ཕྱོགས་བཟང་པོ་མངོན་ཡོད། དེའི་ནང་ཡུལ་ཤུལ་དང་། མགོ་ལོག མཚོ་ལྷོ། རྨ་ལྷོ་བཅས་ཀྲོའུ་བཞིའི་རྣམ་གྲངས་ཀྱི་མ་འཇོག་བསྡུར་ཚད་65%ཙམ་བཟུང་ནས་ས་ཁོངས་དོ་སྙོམས་འཕེལ་རྒྱས་མཐའ་འཁྱོངས་ཐུབ་ནས་ཐག་རིང་ཞིང་འབྲོག་ཁུལ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གནད་སྨིན་ངང་བསལ་ཡོད། མིག་སྔའི་བར་རིམ་རྩིས་བརྒྱབ་ན་རྣམ་གྲངས་1065ལས་འགོ་བཙུགས་པ་དང་ལས་འགོ་བསྐྱར་འཛུགས་བྱས་པ་དེའི་ཁྲོད་རྣམ་གྲངས་179བསྐྲུན་ཟིན་པ་དང་། མ་འཇོག་སྒོར་དུང་ཕྱུར་18.3བྱས་ཟིན་ནས་ས་ཁུལ་ཕལ་ཆེ་བའི་དུས་མཚམས་རང་བཞིན་གྱི་ལས་དོན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་རེད།
ད་ལོ་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་རྣམ་གྲངས་ཀྱི་མ་འཇོག་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་བྱས་ནས་རྨང་གཞི་འདིང་བ་དང་ཞན་ཆ་སེལ་བའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཡོད། ལོ་ཧྲིལ་པོར་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་45གཏོང་རྩིས་ཡོད་པ་དང་། རྣམ་གྲངས་1403གསར་སྐྲུན་དང་མཐུད་སྐྲུན་བྱས་ཏེ་མ་འཇོག་གཞི་ཁྱོན་དང་རྣམ་གྲངས་ཀྱི་གྲངས་འབོར་གཉིས་ཀ་འཕར་ཡོད། ཆེད་ལས་ཀྱི་ལག་རྩལ་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་ལམ་དུམ་ཞན་སར་ལེབ་བཤེར་རྣམ་པའི་གྲལ་བཤེར་དང་བསྐྱར་བཤེར་བྱས་ནས་ཆེད་དོན་བཅོས་སྒྲིག་གི་ཇུས་གཞི་བཟོས་ཏེ་གཞུང་ལམ་གཞིའི་སྤུས་ཚད་མཐོ་རུ་གཏོང་བར་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།