ཚེ་སྲོག་གོང་དུ་བཀུར་བ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་བྱེད་པ།
གནོད་འཚེ་ཚབས་ཆེན་ཐོན། གདུང་སེམས་མཉམ་སྐྱེ་བྱས། སྐྱིད་གྲོང་རྫོང་དུ་ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས་རོགས་སྐྱོབ་སྟོབས་ཤུགས་ཁག་གིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ། འཕྲལ་མ་ཉིད་དུ་གནོད་འཚེ་ཐོན་ཁུལ་དུ་བསྐྱོད་ནས་དཀའ་ངལ་ལ་མི་འཛེམ་པ་དང་བསྟུད་མར་ལས་དོན་བསྒྲུབས་ཏེ་ཉེན་སེལ་རོགས་སྐྱོབ་བྱས་ཤིང་། འབྲེལ་ཆད་མི་སྣ་འཚོལ་སྐྱོབ་དང་། འདམ་རྫབ་བཤངས་ནས་འགྲོ་ལམ་ཤར་གཏོང་། མང་ཚོགས་བཀོད་སྒྲིག ཞོར་ཐོན་གནོད་འཚེ་འགོག་ཟོན་སོགས་ཀྱི་ལས་དོན་ཛ་དྲག་ལ་གོ་རིམ་ལྡན་པར་སྤེལ་ཏེ་དུས་ཚོད་དང་མྱུར་ཚད་འགྲན་པའི་སྲོག་སྐྱོབ་ཀྱི་ཛ་དྲག་ལས་འགུལ་ཞིག་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་རེད།
ཆེད་ལས་ཀྱི་སྟོབས་ཤུགས་མཚན་འགྲུལ་བརྒྱབ་ནས་འཐབ་ས་དང་པོར་བསྐྱོད་པ།
ཚེས་27ཉིན་གྱི་ཆུ་ཚོད་8པར། འཕྲལ་སྡོམ་དོ་དམ་པུའི་རོགས་སྐྱོབ་སྟོབས་ཤུགས་ཁག་དང་པོའི་མི་141སྐྱིད་གྲོང་འགག་སྒོར་འབྱོར་བ་དང་། མངགས་གཏོང་བྱས་པའི་ས་མཐོའི་ཐད་འཕུར་གནམ་གྲུ“སྨི་-171རྟགས་ཅན”ཡང་གེགས་ཁུལ་དུ་འབྱོར། ཆུ་ཚོད་14དང་སྐར་མ་28ལ། ཀྲུང་གོའི་རོགས་སྐྱོབ་རུ་ཁག་གི་མི་111གིས་མྱུལ་བཤེར་དང་། སྲོག་སྐྱོབ། གཏོར་བ་དང་བཤིག་པ། འཕྲིན་གཏོང་། འགན་སྲུང་སོགས་ཀྱི་སྒྲིག་ཆས་དང་དངོས་ཟོག་ཁྱེར་ནས་སྐྱིད་གྲོང་གྲོང་རྡལ་དུ་འབྱོར་རྗེས། མུ་མཐུད་གནོད་འཚེ་ཚབས་ཆེ་ཙམ་ཕོག་པའི་སྐྱིད་གྲོང་འགག་སྒོར་རོགས་སྐྱོབ་བྱེད་པར་བསྐྱོད། རང་བྱུང་གནོད་འཚེའི་ལས་གྲྭའི་རོགས་སྐྱོབ་ལྷ་སའི་རྟེན་གཞི་དང་ཁྲེང་ཏུའུ་རྟེན་གཞི་དང་། དེ་བཞིན་ཀྲུང་གོ་ཨན་ནེང་ཁྲུང་ཆིང་རོགས་སྐྱོབ་རུ་ཁག་གི་མི་300ཡིས་སྒྲིག་ཆས་ཆ་ཚང་120འཁྱེར་བ་དང་། ཀྲུང་གོ་ལྕགས་ལམ་དང་། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན། ཀྲུང་གོ་འགྲིམ་འགྲུལ་ཚོགས་པ། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན། ཀྲུང་གོ་ནུས་རྒྱུ་འཛུཌ་སྐྲུན། ཀྲུང་གོ་ཡར་ཀླུང་གཙང་པོ་ཚོགས་པ་བཅས་ཀྱི་མི་248ཀྱིས་སྒྲིག་ཆས་དང་ཡོ་བྱད་ཁག་264ཁྱེར་ནས་གནོད་འཚེ་ཐོན་སར་སྐྱོད་བཞིན་ཡོད་པ་རེད། དེ་དང་ཆབས་ཅིག་དཔུང་ཁག་14དང་མི་418ཀྱིས་ཉེ་འཁོར་དུ་གྲ་སྒྲིག་ཨང་བསར་བྱས་ཏེ་སྐབས་བསྟུན་རོགས་སྐྱོར་བྱ་རྒྱུར་བསྒུགས་ཡོད།
དམག་དཔུང་གི་རོགས་སྐྱོབ་སྟོབས་ཤུགས་ཀྱང་དུས་མཚུངས་སུ་རོགས་སྐྱོར་ལ་བསྐྱོད་ཅིང་། ནུབ་རྒྱུད་འཐབ་ཁུལ་གྱི་མཛུབ་ཁྲིད་ཚོགས་ཆུང“འདྲེན-20རྟགས་ཅན”གྱི་དམག་སྤྱོད་སྐྱེལ་འདྲེན་གནམ་གྲུར་བསྡད་དེ་བོད་ལྗོངས་ས་མཐོའི་གནམ་ཐང་ཞིག་ཏུ་འབྱོར་རྗེས་བྱེས་བགྲོད་འཕྲུལ་སྒུལ་འཁོར་རིགས་བཏང་སྟེ་ས་ཡུལ་དངོས་སུ་བཀོད་འདོམས་བྱེད་པར་བསྐྱོད། ཚེས་27ཉིན་གྱི་སྔ་དྲོར། བོད་དམག་ཁུལ་ཁང་སྐམ་དམག་མཁའ་འགྲུལ་ལུའེ་ཤོག་ཅིག་གིས་འཕྲལ་མར་ཁག་དང་པོའི་ཐད་འཕུར་གནམ་གྲུ་གཉིས་བཏང་ནས་གནོད་འཚེའི་གནས་ཚུལ་རྩད་ཞིབ་དང་རོགས་སྐྱོབ་ཀྱི་མཁའ་ལམ་འཆར་གཞི་བཏིང་བ་དང་། ཆུ་ཚོད་12དང་སྐར་མ་20ལ་ཁག་གཉིས་པའི་ཐད་འཕུར་གནམ་གྲུ་གཞིས་རྩེའི་ཞི་བདེ་གནམ་ཐང་ནས་འཕུར་ཏེ་ས་ཡུལ་དངོས་སུ་བསྐྱོད།
མིག་སྔའི་བར། རང་སྐྱོང་ལྗོངས་འཕྲིན་གཏོང་ལས་རིགས་ཀྱིས་རིམ་རྩིས་བརྒྱབ་ན་མྱུར་བཟོ་བ་165དང་། འཕྲལ་སྡོམ་རླངས་འཁོར་65 གློག་གཏོང་འཕྲུལ་འཁོར་30 སྲུང་སྐར་ཁ་པར་39 མཐུད་རྒྱག་འཕྲུལ་འཁོར་12 འཕྲལ་སྡོམ་འོད་སྐུད་སྟོང་སྨི་31 འཁྱེར་བདེའི་སྲུང་སྐར་འཕྲལ་སྡོམ་སྒྲིག་ཆས་ཆ་ཚང་10བཅས་སྤྱད་ནས་སྐུད་ལམ་གྲལ་བཤེར་དང་། མྱུར་བཟོ། དྲ་རྒྱ་ལེགས་བཅོས་སོགས་ཀྱི་ཤར་གཏོང་འགན་སྲུང་ལས་དོན་རྒྱུན་མཐུད་སྤེལ་ཏེ། གེགས་ཁུལ་གྱི་བཀོད་འདོམས་བཀོད་གཏོང་དང་། ཉེན་སེལ་རོགས་སྐྱོབ། མང་ཚོགས་ཀྱི་འཕྲིན་གཏོང་ཤར་གཏོང་བཅས་ལ་འགན་སྲུང་བྱས་པ་རེད།
དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ཤར་གཏོང་དང་མཁོ་སྤྲོད་ཐུབ་པར་བྱས་ཏེ་སྲོག་སྐྱོབ་ཀྱི་བགྲོད་ལམ་གཤོང་བ།
འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་འགྲོ་ལམ་ཤར་གཏོང་དང་སྐྱེལ་འདྲེན་གྲ་སྒྲིག་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཤིང་། ཚེས་26ཉིན་གྱི་ཆུ་ཚོད་22བར། སྐྱིད་གྲོང་རྫོང་དུ་སྐྱོད་སའི་G318དང་། G219 G216སོགས་འབྲེལ་ཡོད་རྒྱལ་ལམ་དང་ཞིང་ཆེན་ལམ་བདེ་འཇགས་ངང་ཤར་གཏོང་ཐུབ་ཡོད། དེ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར་བཅས་ནས་འཕྲལ་སྡོམ་འགྲུལ་སྐྱེལ་རླངས་འཁོར་208དང་འཕྲལ་སྡོམ་ཟོག་འདྲེན་རླངས་འཁོར་150བཀོད་སྒྲིག་གིས་ཐོན་ཆོག་ཆོག་བྱས་ཏེ། མི་སྣ་གནས་སྤོ་དང་དངོས་ཟོག་སྐྱེལ་འདྲེན་གྱི་བགྲོད་ལམ་ཐོགས་པ་མེད་པའི་འགན་ལེན་བྱེད་བཞིན་ཡོད། སྤྱི་བདེ་སྡེ་ཚན་གྱིས་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་300ལྷག་ཙམ་སྒྲིག་འཛུགས་བྱས་ནས་འཐབ་ས་དང་པོར་བསྐྱོད་དེ་སྐྱིད་གྲོང་གྲོང་རྡལ་ནས་འགག་སྒོ་བར་གྱི་ལམ་དུམ་ཕྱོགས་གཉིས་ཀ་བཀག་སྡོམ་བྱས་ནས་ནུས་ཤུགས་ཡོད་རྒུས་ཚེ་སྲོག་གི་བགྲོད་ལམ་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བའི་འགན་སྲུང་བྱེད་བཞིན་ཡོད་པ་རེད།
ནུས་ཤུགས་ཡོད་རྒུས་བར་སྣང་གི་རོགས་སྐྱོབ་བགྲོད་ལམ་ཤར་གཏོང་ཐུབ་པའི་འགན་ལེན་བྱ་ཆེད། ཟླ་8ཚེས་27ཉིན་གྱི་ཆུ་ཚོད་14དང་སྐར་མ་35ཙམ་ལ། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་སྒྲིག་འཛུགས་བྱས་པའི་རོགས་སྐྱོར་དཔུང་ཁག་ཁག་གཉིས་པའི་མི་29གཞིས་རྩེའི་དིང་རི་གནམ་ཐང་དུ་འབྱོར་ཞིང་། མིག་སྔའི་བར། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་ཁྱོན་རོགས་སྐྱོར་མི་སྣ་37བཏང་ཞིང་། དིང་རི་གནམ་ཐང་དང་། ལྷ་ས་གནམ་ཐང་། ཞི་བདེ་གནམ་ཐང་བཅས་ཀྱིས་འཕྲལ་སྡོམ་རོགས་སྐྱོབ་དུས་གཏན་གནམ་གྲུ་ཐེངས་7གཏོང་ཐུབ་པའི་འགན་ལེན་དང་། བོད་རང་སྐྱོང་ལྗོངས་ནང་ཁུལ་གནམ་ཐང་ནས་རིམ་རྩིས་བརྒྱབ་ན་རོགས་སྐྱོབ་དངོས་ཟོག་ཏུན་31.8འགན་སྲུང་། རྒུད་སྐྱོབ་མི་སྣ་300ལྷག་ཙམ་སྐྱེལ་འདྲེན་བཅས་བྱས་ཏེ། འཕྲལ་སྡོམ་སྐྱེལ་འདྲེན་གྱི་འགན་སྲུང་ལས་དོན་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་འཕྲིན་གཏོང་འགན་སྲུང་བྱས་ཤིང་། ཚེས་27ཉིན་གྱི་ཆུ་ཚོད་16ལ། སྐྱིད་གྲོང་འགག་སྒོའི་རྒྱལ་སྒོ་དང་བར་ཐག་སྤྱི་ལེ་3གྱི་སར་འཕྲིན་གཏོང་བརྡ་རྟགས་སླར་གསོ་བྱུང་བས་ཉེན་སེལ་འཕྲིན་གཏོང་འགན་སྲུང་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་སྒུལ་བདེ་ཀུང་སིས་ས་གནས་དེ་གར་འཕྲལ་སྡོམ་འཕྲིན་གཏོང་མ་ལག་བསྐྲུན་ནས་གནོད་འཚེ་ཕོག་པའི་མང་ཚོགས་དང་རོགས་སྐྱོབ་མི་སྣར་ཁ་པར་མི་ཆད་པའི་ཞབས་ཞུ་དང་། ཐེན་ཐུང་སྲུང་སྐར། འཕྲིན་ཐུང་ཐད་འབྱོར་བཅས་ཀྱི་ལས་སྒོ་གཉེར་ཏེ་མི་སྣ་འཚོལ་སྐྱོབ་དང་། ཉེན་སེལ་ཐག་གཅོད། གནོད་འཚེའི་གནས་ཚུལ་གོང་ཞུ་བཅས་ལ་འཕྲིན་གཏོང་གི་འདེགས་སྐྱོར་བརྟན་པོ་བྱེད་བཞིན་ཡོད་པ་རེད།
རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་འཕྲལ་མར་འཕྲལ་སྡོམ་གློག་གཏོང་འགན་ལེན་གྱི་སྟོབས་ཤུགས་གཅིག་སྡུད་བྱས་ཤིང་། ཚེས་27ཉིན་གྱི་ཆུ་ཚོད་17བར། མྱུར་བཟོ་བ་89དང་། གློག་གཏོང་རླངས་འཁོར་12 གློག་གཏོང་འཕྲུལ་འཁོར་31 གློག་སྒྲོན་རིགས་ཀྱི་སྒྲིག་ཆས་39བཅས་སྐྱིད་གྲོང་གྲོང་རྡལ་དུ་དབོར་ནས། སྐྱིད་གྲོང་རྫོང་འཕེལ་སྒྱུར་ཨུ་ལྷན་གྱིས་གསར་དུ་བསྐྲུན་པའི་འཕྲལ་སྡོམ་མཛོད་ཁང་དང་། རླངས་འཁོར་འཇོག་ས་གཙོ་བོ་གཉིས། སྐྱིད་གྲོང་གྲོང་རྡལ་གྱི་གནས་སྤོས་ས་ཚིགས་32ཀྱི་བཀོད་སྒྲིག་གུར་བཅས་ཀྱི་གློག་ཤར་གཏོང་ལས་དོན་དང་དེ་བཞིན་གནོད་འཚེ་ཐོན་ཡུལ་གྱི་ཆེད་དོན་ལས་དོན་ཚོགས་འདུ་དང་། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐོག་མ། བཅར་འདྲིའི་ས་ཡུལ་དངོས་བཅས་ཀྱི་གློག་འགན་ལེན་བྱས་ཡོད།
ཕྱོགས་བཞི་མཚམས་བརྒྱད་ཀྱི་དངོས་ཟོག་རྒྱུན་མཐུད་འབྱོར་ནས་དྲོ་སྐྱིད་ཚོར་བ།
ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁག་དང་པོ་ཆུ་ཚོད་13རིང་བརྒྱུད་འདྲེན་བྱས་རྗེས་ཚེས་27ཉིན་གྱི་ཞོགས་པར་སྐྱིད་གྲོང་དུ་འབྱོར་ཡོད། བོད་རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་8ཚེས་27ཉིན་གྱི་ཆུ་ཚོད་12བར། གེགས་སེལ་དངོས་ཟོག་ཁྲི་2ལྷག་ཙམ་གཅིག་མཇུག་གཉིས་མཐུད་ངང་དམིགས་སར་འབྱོར་ཡོད། མིག་སྔར་གེགས་ཁུལ་དུ་འབྲུ་སྣུམ་མཁོ་སྤྲོད་བརྟན་ལ་འདང་ངེས་ཡོད་པ་དང་འཕྲལ་སྡོམ་འགན་སྲུང་མ་ལག་ཕན་ཆེ་སྤྱོད་བཞིན་ཡོད་པ་རེད།
བོད་དམག་ཁུལ་ཁང་གི་བོད་སྡོད་དཔུང་སྡེ་ཞིག་གིས་ཀྲུང་དབྱང་གེགས་སེལ་དངོས་ཟོག་ལྷ་སའི་གྲབས་གསོག་མཛོད་ནས་སྲིང་བལ་གྱི་གུར་དང་། ཉལ་ཁྲི། བཞའ་གདན་སོགས་དངོས་ཟོག་9186བརྒྱུད་འདྲེན་བྱས་པ་དང་། དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་ཐོག་མ་ཚེས་27ཉིན་གྱི་ཆུ་ཚོད་7པར་སྐྱིད་གྲོང་གྲོང་རྡལ་དུ་དུས་ཐོག་ཏུ་འབྱོར་ཡོད། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སྡེ་ཚན་གྱིས་སྡོད་ཁང་དང་གྲོང་ཁྱེར་དོ་དམ་ཁྱབ་ཁོངས་ཀྱི་ལག་རྩལ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་གེགས་ཁུལ་དུ་བསྐྱོད་ཅིང་། མིག་སྔར་ལག་རྩལ་པ་447སྒྲིག་འཛུགས་བྱས་པ་དང་། ཉེན་སེལ་འཕྲུལ་ཆས་དང་རླངས་འཁོར་204དང་། སྟབས་བདེའི་ཁང་པ་30 དོས་སྒམ་150 འཕྲལ་སྡོམ་གུར་26 ཉལ་ཁྲི་30བཅས་དང་དེ་བཞིན་འཚོ་བའི་འགན་སྲུང་དངོས་ཟོག་སྣ་ཚོགས་གྲབས་གསོག་བྱས་ནས་གེགས་ཁུལ་མང་ཚོགས་གནས་སྐབས་བཀོད་སྒྲིག་བྱ་རྒྱུར་རྨང་གཞི་བཏིང་ཡོད་པ་རེད།
མིག་སྔར་སྐྱིད་གྲོང་གྲོང་རྡལ་གྱི་ཐོན་སྐྱེད་དང་འཚོ་བ་རྒྱུན་གཏན་ལྟར་ཡིན་པ་དང་ཚོང་ཁང་རྒྱུན་གཏན་ལྟར་སྒོ་ཕྱེ་ཡོད། སྤང་གཞོང་སྡེ་ཁུལ་དམག་དམངས་མཛོད་ཁང་དེ་བཀོད་སྒྲིག་ས་ཚིགས་ཀྱི་གེགས་སེལ་དངོས་ཟོག་གསོག་ཉར་ས་ཚིགས་ཀྱི་གྲས་ཤིག་ཡིན་པའི་ངོས་ནས་དབྲག་འཁོར་སོགས་སྐྱེལ་འདྲེན་སྒྲིག་ཆས་ཚང་མ་གྲ་སྒྲིག་ཨང་བསར་བྱས་ཟིན་ཡོད། བར་སྣང་དུ་མི་མེད་གནམ་གྲུ་དང་ཐད་འཕུར་གནམ་གྲུ་རྒྱུན་ཆད་མེད་པར་འཕུར་སྐྱོད་བྱེད་པ་དང་ཕྱོགས་ཁག་གི་འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་སྐྱིད་གྲོང་གྲོང་རྡལ་དུ་འཛོམས་ནས་གཅིག་གྱུར་བཀོད་སྒྲིག་ལྟར་གེགས་ཁུལ་དུ་བསྐྱོད་རྒྱུར་སྒུག་བཞིན་ཡོད།
གསར་འགྱུར་གཏོང་སྤེལ་མ་བྱས་བར། ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ས་དང་པོ་བརྟན་སྲུང་བྱས་ཏེ། འདམ་རུད་བཤངས་ནས་ཤར་བགྲོད་འགན་ལེན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབས་པ་དང་གནོད་འཚེའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཏེ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་མི་སྣ་འཚོལ་སྐྱོབ་བྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།