དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨེ་ཅིབ་ཀྱི་འཛུགས་སྐྲུན་པས་མཉམ་ལས་བྱས་ནས“ཨ་ཧྥེ་རི་ཁའི་བ་གམ་མཐོ་ཤོས”བསྐྲུན་པ།

    “གཟིགས་དང་། ཐོག་བརྩེགས་ཁང་ཆེན་འདི་ནི་ང་ཚོས་བསྐྲུན་པ་ཡིན”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  རེན་ཧའོ་ཡུས། ཧོང་ཕེ་ཀྲའོ།   |     སྤེལ་དུས།  2026-08-28

    འདི་ནི་ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་པ་ཡི་ལྟེ་བའི་ཚོང་དོན་ཁུལ་གྱི་མཚོན་རྟགས་མཐོ་ལྕོག་ཡིན་པ།

    འདི་ནི་ཀྲུང་གོ་དང་ཨེ་ཅིབ་སྨྱན་སྦྱོར་གྱི་གསར་འགོད་པ་ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་པའི་ལྟེ་བའི་ཚོང་དོན་ཁུལ་གྱི་མཚོན་རྟགས་མཐོ་ལྕོག་ཏུ་འཛེགས་ནས་རྒྱང་ལྟ་བྱེད་བཞིན་པ།

    ཟླ་8ཚེས་24ཉིན། ཀྲུང་གོ་དང་ཨེ་ཅིབ་སྨྱན་སྦྱོར་གྱི་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་འབྲེལ་བཅར་འདྲི་ཚོགས་པ་ཁེ་རོའི་ཤར་རྒྱུད་དུ་གནས་པའི་ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་པའི་ལྟེ་བའི་ཚོང་དོན་ཁུལ་གྱི་རྣམ་གྲངས་སུ་བསྐྱོད་ནས། “ཨ་ཧྥེ་རི་ཁའི་བ་གམ་མཐོ་ཤོས”ལ་འཛེགས་ཏེ་ཀྲུང་གོ་དང་ཨེ་ཅིབ་ཀྱི་འཛུགས་སྐྲུན་པ་ཚོས་མཉམ་དུ་འབད་འཐབ་དང་འཚར་ལོངས་བྱུང་བའི་གཏམ་རྒྱུད་ཀྱི་སྐོར་བཅར་འདྲི་བྱས་ཡོད།

    “དེ་ནི་མཚོན་རྟགས་མཐོ་ལྕོག་རེད” ཨེ་ཅིབ་ཀྱི《འཕྲིན་གསར་ཚགས་པར》གྱི་གསར་འགོད་པ་ཧྥ་ཝ་ཙི་ཡིས། “ལོ་གཅིག་ལྷག་ཙམ་གྱི་གོང་། ང་འདི་གར་བཅར་འདྲི་བྱེད་པར་ཡོང་མྱོང་ཡོད། སྐབས་དེ་དུས་ཀྱི་རྣམ་པ་དང་བསྡུར་ན་ད་ཆ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་འདུག”ཅེས་བཤད།

    ད་ལྟའི་དུས་སུ། མིག་ལམ་དུ་མངོན་པའི་ཐོག་བརྩེགས་ཁང་ཆེན་མང་བའི་ས་ཆ་འདི་ནི་དེ་སྔོན་ཐང་རྒོད་རེད། ལྟེ་བའི་ཚོང་དོན་ཁུལ་གྱི་རྣམ་གྲངས་དེ་ཀྲུང་གོ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སི་ཨེ་ཅིབ་ཡན་ལག་ཀུང་སིས་སྐྲུན་འགན་ཁུར་བ་ཞིག་ཡིན་ལ། དེའི་ནང་གཞུང་དོན་ཐོག་ཁང་10དང་། སྡོད་ཁང་ཐོག་ཁང་5 གསོལ་མགྲོན་ཁང་ཆེ་གྲས་4 དེ་བཞིན་མཐོ་ཚད་སྨི་385.8ཟིན་པའི“ཨ་ཧྥེ་རི་ཁའི་བ་གམ་མཐོ་ཤོས”ཀྱི་མཚོན་རྟགས་མཐོ་ལྕོག་བཅས་ཚུད་ཡོད། སྲིད་འཛིན་རྒྱལ་ས་གསར་པའི་ལྟེ་བའི་རྣམ་གྲངས་ཀྱི་གྲས་ཡིན་པའི་ལྟེ་བའི་ཚོང་དོན་ཁུལ་ནི་ཨེ་ཅིབ་ཀྱི་གྲོང་ཁྱེར་འཕེལ་རིམ་ཁྲོད་ཀྱི་གནས་རྟགས་གསར་པ་ཞིག་ཡིན་པ་མ་ཟད། ཀྲུང་གོ་དང་ཨེ་ཅིབ་ཀྱིས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་གཙོ་གནད་ལས་གྲྭ་ཞིག་ཀྱང་རེད།

    རྣམ་གྲངས་ལས་གྲྭ་པུའི་ཅིང་ལི་གཞོན་པ་ཡཱ་ཤིར་གྱིས། ཨེ་ཅིབ་ལ་ཐོག་བརྩེགས་ཧ་ཅང་མཐོ་བའི་བཟོ་སྐྲུན་ཨར་ལས་ཀྱི་ཉམས་མྱོང་སྤྱིར་ན་མེད་པས། ཨར་ལས་བརྒྱུད་རིམ་ཁྲོད་ཀྱི་ལག་རྩལ་གྱི་དཀའ་གནད་འཕྲད་སྐབས་ཨེ་ཅིབ་དང་ཀྲུང་གོའི་ལག་རྩལ་མི་སྣས་དཔུང་པ་མཉམ་གཤིབ་ཀྱིས་ལས་ཀ་བྱས་ཏེ་རིམ་གྱིས་འཚོལ་ཞིབ་བྱས་པ་དང་ཡུན་གྱིས་སྐུལ་འདེད་བཏང་ཡོད། “ལག་རྩལ་མང་པོ་ཞིག་ངས་དེ་སྔོན་མཐོང་མྱོང་མེད” རྣམ་གྲངས་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ཁོང་ཞུགས་པའི་ལས་དོན་དེ་བས་མང་དུ་ཕྱིན་པ་དང་། ཁོང་དུ་ཆུད་པའི་ཆེད་ལས་ཀྱི་རྩལ་ནུས་ཀྱང་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་ནས་ལག་རྩལ་མི་སྣ་ཕལ་པ་ཞིག་ནས་ཨར་ལས་དོ་དམ་གྱི་འགན་འཁུར་ཐུབ་པའི་ལས་གྲྭའི་མི་སྣར་འཚར་ལོངས་བྱུང་ཞེས་གསར་འགོད་པར་བཤད་པ་རེད།

    མཉམ་འབྲེལ་བཅར་འདྲིའི་ནང་ཞུགས་མཁན་ཨེ་ཅིབ་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཏེ་ལ་པི་ཁེ་སྲིད་འཛིན་རྒྱལ་ས་གསར་པའི་ལྟེ་བའི་ཚོང་དོན་ཁུལ་དུ་ཐེངས་མང་ཡོང་ནས། ལྟེ་བའི་ཚོང་དོན་ཁུལ་གྱི་རྣམ་གྲངས་ཚུད་པའི་ཨེ་ཅིབ་དང་ཀྲུང་གོའི་མཉམ་ལས་ཀྱི་གྲུབ་འབྲས་ལ་མུ་མཐུད་དོ་ཁུར་བྱས་ཤིང་། ཁོང་གིས། “ཨེ་ཅིབ་དང་ཀྲུང་གོའི་མཉམ་ལས་ཀྱི་དོན་སྙིང་ནི་ཐོག་བརྩེགས་ཁང་ཆེན་བསྐྲུན་རྒྱུར་ཐུག་པ་མ་ཟད། མཉམ་ལས་ཀྱི་བརྒྱུད་རིམ་ནང་ཤེས་ལྡན་པ་དང་། ལག་རྩལ། ཉམས་མྱོང་བཅས་གསོག་འཇོག་ཐུབ་པར་དེ་བས་ཀྱང་ཐུག་ཡོད”ཅེས་བཤད།

    བཅར་འདྲི་བྱེད་རིང་། གསར་འགོད་པ་ཚོས་མཚོན་རྟགས་མཐོ་ལྕོག་ཏུ་འཛེགས་ནས་རྣམ་གྲངས་ཀྱི་འཕེལ་རིམ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད།

    “ལྟེ་བའི་ཚོང་དོན་ཁུལ་ནི་དེང་རབས་ཅན་གྱི་བཟོ་སྐྲུན་ཁྱུ་ཚོགས་ཤིག་ཡིན་པ་མ་ཟད། དེང་རབས་ཅན་གྱི་འཕེལ་རྒྱས་འཚོལ་ཞིབ་བྱེད་པའི་ཨེ་ཅིབ་ཀྱི་ཆོད་སེམས་དེ་བས་ཀྱང་མངོན་ཡོད། ཨེ་ཅིབ་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་གཅིག་མཐུན་ཡིན་པས། ཨེ་ཅིབ་དང་ཀྲུང་གོའི་མཉམ་ལས་ལ་དེ་བས་གྲུབ་འབྲས་གཡུར་དུ་ཟ་བ་འཐོབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡིན”ཞེས་ཧྥ་ཝ་ཙི་ཡིས་བརྗོད་པ་རེད།

    མཉམ་འབྲེལ་བཅར་འདྲིའི་ནང་ཞུགས་མཁན་ཨེ་ཅིབ་དབུས་ཤར་གསར་འགྱུར་ཁང་གི་གསར་འགོད་པ་ཧྲུའུ་ཧོ་ལཱ་ཐེ་ཡིས་ཉིན་དེར་གནས་ཚུལ་སྤེལ་གཏོང་བྱས་པའི་ནང་། ལྟེ་བའི་ཚོང་དོན་ཁུལ་གྱི་རྣམ་གྲངས་བདེ་བླག་ངང་ལག་བསྟར་བྱས་པ་དེ་ཐོག་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་དུས་མཚམས་གསར་པར་སླེབས་པ་མཚོན་པ་དང་། ཨེ་ཅིབ་དང་ཀྲུང་གོའི་མཛའ་མཐུན་ནི་ཉི་ལུའོ་གཙང་པོ་བཞིན་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་པར་བདེན་དཔང་བྱས་ཡོད་ཅེས་འཁོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།