ཀུན་སེམས་གཅིག་ཏུ་སྒྲིལ། དུས་ངལ་མཉམ་དུ་སེལ།
ཟླ་8ཚེས་26ཉིན། ནེ་པ་ལའི་ཕྱོགས་སུ་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་ཐོན་པ་རེད།
མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་ཞིང་། གནོད་འཚེ་ཐོན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་དང་མཛུབ་སྟོན་གལ་ཆེན་གནང་སྟེ། “ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བཏོན་ནས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་དང་། ཉེན་གྱར་མང་ཚོགས་གནས་སྤོ་བཀོད་སྒྲིག དུས་ཚོད་དམ་འཛིན་གྱིས་རྨས་མ་སྐྱོབ་བཅོས་བཅས་བྱས་ཏེ། མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་ཅི་ཐུབ་བྱེད་དགོས་པའི”བླང་བྱ་བཏོན་གནང་བ་དེ་ལས་ཁོང་གིས་གེགས་ཁུལ་མང་ཚོགས་ལ་ཐུགས་ཁུར་ཟབ་མོ་གནང་ལུགས་མཚོན་པ་མ་ཟད། ཉེན་སེལ་རྒུད་སྐྱོབ་ཀྱི་ཤུགས་རྒྱག་ས་གཙོ་བོ་ཁ་གསལ་བཟོས་ཏེ། ང་ཚོས་རོགས་སྐྱོབ་ལས་དོན་ཡག་པོ་སྒྲུབ་པར་ཡིད་ཆེས་དང་སྟོབས་ཤུགས་བརྟན་པོ་སྦྱིན་ཡོད།
གནོད་འཚེ་ལས་ཀུན་སེམས་གཅིག་ཏུ་བསྒྲིལ། བྱ་སྤྱོད་སྤེལ་བར་ཡུད་ཙམ་ཡང་འགྱངས་མི་རུང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འཕྲལ་དུ་བཀོད་སྒྲིག་བྱས་པ་དང་། འགོ་ཁྲིད་གཙོ་བོས་འཕྲལ་མ་ཉིད་དུ་གནོད་འཚེ་ཐོན་སར་བསྐྱོད་དེ་རོགས་སྐྱོབ་ལས་དོན་ལ་བཀོད་འདོམས་གནང་བ་རེད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བཀའ་འབྱོར་འཕྲལ་སྒྲུབ་ཀྱིས་ཉེན་ཁ་ཐོན་སར་བསྐྱོད་དེ་རང་བྱུང་གནོད་འཚེའི་རིམ་པ་དང་པོའི་རོགས་སྐྱོབ་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་པ་དང་། མ་དངུལ་འགན་ལེན་གྱི་ཐོགས་མེད་བགྲོད་ལམ་མགྱོགས་མྱུར་བཏོད་པ། འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་ཀྱིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་གནོད་འཚེ་ཐོན་སར་འདུ་འཛོམས་བཅས་བྱས་ནས། ཉེན་སེལ་རོགས་སྐྱོབ་ལས་དོན་ཛ་དྲག་དང་གོ་རིམ་ལྡན་པར་སྤེལ་བཞིན་ཡོད་པ་རེད།
དྲག་ཆར་རླུང་འཚུབ་ཇི་ཙམ་ཆེ་ན། སྲོག་ཤིང་ཀ་རྟེན་གྱི་ནུས་པ་དེ་ཙམ་གྱིས་མངོན་ཐུབ། ཆོད་སེམས་དང་བློ་སྟོབས་ལ་ཚོད་བགམ་ཐེག་མིན་གྱི་དམག་འཐབ་དྲག་པོ་དེའི་མདུན་དུ། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱེད་པའི་ང་ཚོའི་དད་སེམས་ལ་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད། མི་དམངས་གཙོ་འཛིན་གྱི་ཐུགས་ཁུར་ཟབ་མོ་དང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། ཚན་རིག་དང་མཐུན་ལ་ནུས་ལྡན་གྱི་བཀོད་འདོམས་མ་ལག་བཅས་ནི། ང་ཚོས་དཀའ་ངལ་ལས་རྣམ་པར་རྒྱལ་བ་དང་དམག་འཐབ་དྲག་པོར་རྒྱལ་ཁ་ལེན་པའི་ཡིད་ཆེས་ཀྱི་རྒྱབ་རྟེན་དེ་རེད།
ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད། ཚོད་བགམ་དྲག་པོའི་མདུན་དུ། ཀྲུང་ཧྭ་མི་རིགས་ལ་ནམ་ཡང་འགྲན་ཟླ་བྲལ་བའི་བརྩེ་སེམས་ཆེན་པོ་ལྡན་པ་དང་། འཛམ་གླིང་ཐོག་མཐོང་དཀོན་པའི་མི་རིགས་ཀྱི་བརྩེ་སེམས་ཟབ་མོ་ལས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ཀྲུང་གོའི་སྟོབས་ཤུགས་མངོན་ཡོད།
ད་ཐེངས་ཀྱི་རོགས་སྐྱོབ་ལས་དོན་ཁྲོད་ཕན་ཚུན་ལྟ་སྐྱོང་གི་སྟོབས་ཤུགས་སླར་ཡང་གཅིག་ཏུ་བསྒྲིལ་བ་དང་། མཐུན་སྒྲིལ་མཛའ་གྲོགས་ཀྱི་བརྩེ་སེམས་སླར་ཡང་གཅིག་ཏུ་འདུས་ཤིང་། ཀྲུང་དབྱང་པུའུ་ཨུད་ཀྱིས་ཆེད་དོན་མ་དངུལ་ཛ་དྲག་ངང་སྤྲད་པ་དང་། གེགས་སེལ་དངོས་ཟོག་མགྱོགས་མྱུར་སྐྱེལ་བ། ལག་རྩལ་གྱི་འདེགས་སྐྱོར་ལས་དོན་ལ་མཛུབ་ཁྲིད་བྱེད་རོགས་བཅས་བྱས་ཡོད། ཀྲུང་གོའི་རོགས་སྐྱོབ་རུ་ཁག་གིས་རོགས་སྐྱོབ་དངོས་ཟོག་འབོར་ཆེན་ཁྱེར་ནས་གཙང་གླས་གནམ་གྲུར་བསྡད་དེ་གནོད་འཚེ་ཐོན་སར་རོགས་སྐྱོར་བྱེད་པར་བསྐྱོད་པ། “སྐྱིད་གྲོང་ཤུགས་རྒྱོབ”དང“སྤུན་ཟླ་བདེ་འཇགས”ཀྱི་སྨོན་འདུན་དྲ་ཐོག་ཏུ་ཁྱབ་སྤེལ་རྒྱ་ཁྱབ་བྱེད་པ་ལ་སོགས། ཆུ་ཕྲན་རྒྱ་མཚོར་འདུས་པ་བཞིན་གཅེས་སེམས་མཚོན་པའི་བྱ་བ་ཙག་ཙིག་མང་པོ་ལས་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་མཛའ་བཤེས་དང་དུས་ངལ་མཉམ་སེལ་གྱི་གཟི་བརྗིད་སྲོལ་རྒྱུན་མངོན་པ་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་ཡོད།
ཆུ་ལོག་གིས་འཁྱེར་མི་ཐུབ་པའི་ཆུ་རགས་ཤིག་དང་། དྲག་ཆར་རླུང་འཚུབ་ཁྲོད་དུའང་འགྱུར་བ་མེད་པའི་སྲུང་སྐྱོང་ཞིག་ཡོད། ལམ་ལུགས་ཀྱི་སྟོབས་ཤུགས་ཆེན་པོ་ལས་མངོན་པའི་བློ་ཁ་ཕྱོགས་ནུས་དང་གོང་བུ་འགྲིལ་ནུས་ཆེན་པོ་དེ་ནི་ང་ཚོས་དཀའ་ངལ་ལས་རྣམ་པར་རྒྱལ་བ་དང་དམག་འཐབ་དྲག་པོར་རྒྱལ་ཁ་ལེན་པའི་གཏིང་ཤུགས་གནས་ས་དེ་ཡིན།
ཏང་དར་མཐོན་པོར་སྒྲེང་། ཀུན་སེམས་གཅིག་ཏུ་སྒྲིལ། གནོད་འཚེ་ལས་རྣམ་པར་རྒྱལ་བར་ཞུམ་མེད་མདུན་སྐྱོད་ཀྱི་དཔའ་ངར་དགོས་ལ། གནད་སྨིན་ནུས་ཆེའི་སྒྲིག་ལམ་དང་ཀུན་སེམས་གཅིག་སྒྲིལ་གྱི་སྟོབས་ཤུགས་དེ་བས་དགོས། གནོད་འཚེ་ཐོན་ཚུན་དུ་ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་ཀྱིས་སེམས་ཤུགས་གཅིག་ཏུ་བསྒྲིལ་བ་དང་། ས་གནས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས། གེགས་ཁུལ་གྱི་མི་དམངས་བཅས་ཀྱིས་ཕྱར་བ་གྲུ་འདེགས་དང་ཕན་ཚུན་ལྟ་སྐྱོང་བྱས་ཏེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་བྱས་ཡོད།
མིག་སྔའི་ལས་དོན་གལ་ཆེ་ཤོས་ནི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བཏོན་ནས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་དང་། གནོད་འཚེ་ཕོག་པའི་མང་ཚོགས་དུས་ཐོག་ཏུ་གནས་སྤོ་དང་བཀོད་སྒྲིག་ཡག་པོ། གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་དུས་ཚོད་དམ་འཛིན་གྱིས་ཉམས་བཟོ། གེགས་ཁུལ་ས་ཁོངས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་བཅས་བྱ་རྒྱུ་དེ་རེད།
དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ཉེན་ཁ་ལས་རྣམ་པར་རྒྱལ་བར་བྱས་ཤིང་། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལག་ལེན་ལ་བརྟེན་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ་དང་། འགན་འཁྲི་འཁུར་སེམས་མངོན་པར་བྱས་ཏེ་འགོ་ཁྲིད་ལས་བྱེད་པའི་མིག་དཔེའི་ནུས་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་བཅས་ཡག་པོ་བཏོན་ནས་མི་སྐྱོབ་རྒྱུ་སྔོན་ལ་འཇོག་པ་དང་། ཉེན་སེལ་སྔོན་ལ་འཇོག་པ། མང་ཚོགས་བཀོད་སྒྲིག་སྔོན་ལ་འཇོག་པ་བཅས་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱ་རྒྱུ་ཨང་དང་པོར་བཞག་སྟེ། གནོད་འཚེ་ཕོག་པའི་མང་ཚོགས་ཚོར་རང་ཉིད་ཀྱི་རྒྱབ་ཏུ་ནམ་ཡང་ཞོམ་ཞིག་མེད་པའི་རྒྱལ་ཁབ་ཡོད་པ་དང་། འཁྲིས་སུ་མདུན་ལ་ཤོར་མཁན་ཏང་ཡོན་ཡོད་པ་དངོས་འབྲེལ་ཚོར་དུ་བཅུག་ཡོད།
གདོང་ལེན་དཔེ་བཟང་ནི་འབོད་ཚིག་ཙམ་མིན་པར་དཀའ་ངལ་འཕྲད་པའི་དུས་སུ་གདོང་སྐྱོད་བྱེད་པའི་གཟུགས་བརྙན་དང་ལྡོག་སྐྱོད་བྱེད་པའི་གོམ་སྟབས་དེ་བས་རེད། ཏང་དར་མཐོན་པོར་བསྒྲེངས་ནས་སྟོབས་ཤུགས་གཅིག་སྡུད་བྱེད་པ་དང་ཀུན་སེམས་གཅིག་ཏུ་བསྒྲིལ་ནས་དུས་ངལ་སེལ་རྒྱུ་ནི་ང་ཚོས་དཀའ་ངལ་ལས་རྣམ་པར་རྒྱལ་བ་དང་དམག་འཐབ་དྲག་པོ་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་རེད།
དཀའ་ངལ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་རིག་པ་དྭངས་གསལ་བྱེད་དགོས། དཀའ་བར་མི་འཛེམས་པར་མདུན་དུ་སྐྱོད་དགོས་པའི་སྐབས་སུ་རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་བརྟན་པོ་འཆང་དགོས།
མི་རྩ་བར་འཛིན་པའི་འདུ་ཤེས་མཐའ་འཁྱོངས་དང་། སྲ་ཞིང་བརྟན་པའི་དད་སེམས་དང་རྒྱལ་ཁ་ཐོབ་ངེས་ཀྱི་ཆོད་སེམས་རྒྱུན་འཁྱོངས། ས་མཐོའི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་ཉམས་མྱོང་དང་ཚན་རིག་དང་མཐུན་པའི་རྒུད་སྐྱོབ་ལམ་སྲོལ་ལག་ལེན་ཡག་པོ་བསྟར་བ་བཅས་བྱས་ཏེ་རྡོག་རྩ་གཅིག་སྒྲིལ་དང་། ཀུན་སེམས་གཅིག་སྒྲིལ། ཁ་གཏད་ནན་འཇལ་བཅས་བྱས་ཚེ། ང་ཚོས་སེམས་ཤུགས་གཅིག་སྒྲིལ་གྱིས་ཉེན་སེལ་རྒུད་སྐྱོབ་ཀྱི་དམག་འཐབ་དྲག་པོ་དེར་རྒྱལ་ཁ་ལེན་ཐུབ་ངེས་རེད།
ལྡོག་སྐྱོད་པ་ཚང་མར་གུས་འདུད་ཞུ། སྤུན་ཟླ་ཐམས་ཅད་ཁམས་བཟང་ཡོང་བར་སྨོན། སེམས་ཁུར་དང་རེ་སྨོན་ཡོད་ཚད་ཀུན་སེམས་གཅིག་སྒྲིལ་གྱི་རོགས་སྐྱོབ་སྟོབས་ཤུགས་དང་འགྲོགས་ནས་རྒྱལ་ཁའི་སྐྱ་རེངས་སུ་འགྱུར་བར་སྨོན།
འབྲེལ་ཡོད་གསར་འགྱུར།