ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་གནད་དོན་གྱི་དམིགས་བསལ་འཐུས་མིའི་ཞལ་འཛོམས་ཐེངས་25པར་གྲུབ་འབྲས་དང་ཐུན་མོང་ངོས་འཛིན་ཁག་བརྒྱད་བྱུང་བ།
ཟླ་8ཚེས་25ཉིན། ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་གནད་དོན་གྱི་དམིགས་བསལ་འཐུས་མིའི་ཞལ་འཛོམས་ཐེངས་25པ་པེ་ཅིང་དུ་བྱས་ཤིང་། ཀྲུང་གོ་ཕྱོགས་ཀྱི་དམིཌ་བསལ་འཐུས་མི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཝང་དབྱི་ཡིས་རྒྱ་གར་ཕྱོགས་ཀྱི་དམིགས་བསལ་འཐུས་མི་དང་རྒྱལ་ཁབ་བདེ་འཇགས་ཀྱི་བློ་འདྲི་བ་ཏུའོ་ཝར་དང་མཉམ་དུ་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་གནད་དོན་ཐད་ལྷག་བསམ་ཟོལ་མེད་ངང་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ནས་གྲུབ་འབྲས་དང་ཐུན་མོང་ངོས་འཛིན་ཁག་8བྱུང་བ་གཤམ་གསལ།
གཅིག་ནས། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་འཚམ་པའི་རྣམ་པ་ཞིག་གཏོད་རྒྱུའི་བསྐྱར་བསྒྲགས་བྱས་པ་དང་།
གཉིས་ནས། ཕྱོགས་གཉིས་པོས་2005ལོར་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་གནད་དོན་ཐག་གཅོད་བྱ་རྒྱུའི་ཆབ་སྲིད་མཛུབ་ཁྲིད་ཀྱི་རྩ་དོན་སྐོར་གྱི་གྲོས་ཆོད་དང་། དེ་རྗེས་རྒྱལ་ཁབ་གཉིས་པོའི་དམིཌ་བསལ་འཐུས་མིའི་ཞལ་འཛོམས་ཐད་བྱུང་བའི་ཐུན་མོང་ངོས་འཛིན་གཞིར་བཟུང་མཐའ་མཚམས་གནད་དོན་ཐག་གཅོད་ཀྱི་སྒྲོམ་གཞིའི་གྲོས་མོལ་ལ་སྐུལ་འདེད་བཏང་ནས་དྲང་གཞག་ལུགས་མཐུན་དང་ཕྱོགས་གཉིས་པོས་དང་ལེན་བྱེད་ཐུབ་པའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས་པའི་ནན་བཤད་བྱས་པ།
གསུམ་ནས། ཕྱོགས་གཉིས་པོས་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ལས་དོན་གྱི་གྲོས་མོལ་དང་མཐུན་སྦྱོར་ལས་ཀའི་ལམ་སྲོལ(WMCC)གྱི་སྒྲོམ་གཞིའི་འོག་ས་མཚམས་དབྱེ་བའི་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་། མཐའ་མཚམས་དོ་དམ་ཚོད་འཛིན་ལས་དོན་ཚོགས་ཆུང་བཙུགས་ནས་ས་མཚམས་དབྱེ་བའི་དུས་འགོ་དང་ངོ་བོའི་རང་བཞིན་གྱི་ཕན་འབྲས་དང་དེ་བཞིན་མཐའ་མཚམས་དོ་དམ་ཚོད་འཛིན་ལས་དོན་ལ་གྲོས་བསྡུར་སོ་སོར་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ཚོགས་ཆུང་གཉིས་ཀྱིས་དང་ཐོག་རང་སོ་སོའི་འགན་ནུས་ཁྱབ་ཁོངས་ཁ་གསལ་བཟོ་རྒྱུ།
བཞི་ནས། ཕྱོགས་གཉིས་པོས་ད་ཡོད་ཀྱི་ཕྱི་འབྲེལ་དམག་དོན་ཐབས་ལམ་སྟེ། WMCCདང་། ས་ཆ་དེ་གའི་བཀོད་འདོམས་དཔོན་གྱི་གྲོས་མོལ། ཕྱོགས་གཉིས་པོས་མོས་མཐུན་བྱས་པའི་ལམ་སྲོལ་གཞན་དག་སོགས་བརྒྱུད་མཐའ་མཚམས་ཀྱི་ས་ཆ་དེ་གའི་གནས་ཚུལ་གང་རུང་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ནས་ཕྱོགས་གཉིས་པོས་མཐའ་མཚམས་ཀྱི་དངོས་ཡོད་ཚོད་འཛིན་ཁུལ་དུ་གོ་ནོར་མི་ཐེབས་པ་དང་བརྡར་ཤ་གཅོད་ནོར་མི་ཤོར་བ་བྱ་རྒྱུའི་མོས་མཐུན་བྱས་ཡོད། མཐའ་མཚམས་དོ་དམ་ཚོད་འཛིན་དེ་བས་ལེགས་པ་ཡོང་ཆེད་ཕྱོགས་གཉིས་པོས་བབ་མཚུངས་ས་ཁུལ་གྱི་དངོས་ཡོད་ཚོད་འཛིན་ལམ་ཐིག་ལ་བསམ་ཤེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཐད་གྲོས་བསྡུར་བྱས་པ།
ལྔ་ནས། མཐའ་མཚམས་དོ་དམ་ཚོད་འཛིན་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་ཆེད། ཕྱོགས་གཉིས་པོས་དམག་དཔོན་རིམ་པའི་གྲོས་མོལ་གྱི་ཞལ་འཛོམས་ས་ཚིགས་གཉིས་མང་དུ་གཏོང་རྒྱུ་དང་མཐའ་མཚམས་ཀྱི་ཤར་རྒྱུད་དང་བར་རྒྱུད་དུ་མཐའ་སྲུང་དམག་དོན་འབྲེལ་གཏུག་གི་ཐད་སྦྲེལ་ཁ་པར་གཉིས་མང་དུ་གཏོང་རྒྱུའི་མོས་མཐུན་བྱས་པ།
དྲུག་ནས། ཕྱོགས་གཉིས་པོས་རྒྱལ་མཚམས་སྒྲོལ་བའི་མཉམ་ལས་ལ་ཐོབ་པའི་འཕེལ་རིམ་ལ་གདེང་འཇོག་གང་ལེགས་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་གཞུང་ཕྱོགས་ཀྱི་གནས་སྐོར་བ་ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱི་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་གནས་མཇལ་དུ་ཡོང་བའི་གཞི་ཁྱོན་ཆེ་རུ་གཏོང་ཆེད་འབད་བརྩོན་བྱས་པར་རྒྱ་གར་ཕྱོགས་ཀྱིས་བསྔཌ་བརྗོད་བྱས་པ་དང་། ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ཉོ་ཚོང་ཁྲོམ་ར་གསུམ་སླར་གསོ་བྱས་པར་ཕྱོགས་གཉིས་པོས་བསྔགས་བརྗོད་བྱས་པ་རེད། ཕྱོགས་གཉིས་པོས་མཐའ་མཚམས་ཚོང་དོན་དང་གནས་སྐོར་སོགས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མཐའ་མཚམས་ས་ཁུལ་དུ་སྐད་ཆ་ཤོད་རེས་དང་། ཞི་བདེ། གྲོས་མོལ། མཉམ་ལས་བཅས་ཀྱི་རྣམ་པ་ཐུན་མོང་ཐོག་གཏོད་རྒྱུའི་མོས་མཐུན་བྱས་པ།
བདུན་ནས། ཕྱོགས་གཉིས་པོས་ཟླ་9པར་རེས་སྐོར་གསར་པའི་རྒྱལ་མཚམས་སྒྲོལ་བའི་གཙང་པོའི་རིགས་གཅིག་མཁས་ཅན་རིམ་པའི་ལམ་སྲོལ་ཚོགས་འདུ་འཚོགས་ནས་ཆུ་དཔྱད་ཀྱི་འབྲུབ་བརྡ་དང་བརྗེད་ཐོར་མུ་མཐུད་མིང་རྟགས་འགོད་པ་སོགས་འབྲེལ་ཡོད་གནད་དོན་ལ་རྒྱུན་མཐུད་འབྲེལ་གཏུག་བྱ་རྒྱུའི་མོས་མཐུན་བྱས་པ།
བརྒྱད་ནས། ཕྱོགས་གཉིས་པོས་2027ལོར་རྒྱ་གར་དུ་དམིགས་བསལ་འཐུས་མིའི་ཞལ་འཛོམས་ཐེངས་26པ་བྱ་རྒྱུའི་མོས་མཐུན་བྱས་པ་བཅས་རེད།
འབྲེལ་ཡོད་གསར་འགྱུར།