དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དཀའ་ཉེན་སྣ་ཚོགས་ཁྱད་བསད་ཀྱིས། ཉིན་མཚན་མེད་པར་འབད་འཐབ་བྱེད།

    ——སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་ཉེན་སེལ་རྒུད་སྐྱོབ་ཀྱི་འཐབ་ས་དང་པོའི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-28

    ཟླ་8ཚེས་26ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཙམ་ལ། ནེ་པ་ལའི་ཕྱོགས་སུ་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་ཐོན་ཡོད།

    གཞུང་ལམ་ཆད་པ་དང་། འཕྲིན་གཏོང་ཆད་པ། གློག་སྐུད་ཆད་པ་སོགས། གློ་བུར་དུ་བྱུང་བའི་ཆུ་རུད་ཀྱི་གནོད་འཚེ་འདིས་འཁྲུག་ཆ་དོད་པའི་འགག་སྒོ་བསྣུབས་ཤིང་། མཐའ་མཚམས་གྲོང་རྡལ་ཆུང་ངུ་དེ་ཉེན་སེལ་རོགས་སྐྱོབ་དཔུང་རུ་ཛ་དྲག་ངང་བསྡུ་རུབ་བྱ་ཡུལ་དུ་གྱུར།

    གནོད་འཚེའི་གནས་ཚུལ་ནི་བཀའ་རྒྱ་ཡིན། མེ་གསོད་རུ་མིའི་གྱོན་ཆས་ལི་མདོག་དང་། གློག་ཤུགས་བཟོ་པའི་གྱོན་ཆས་སྔོན་པོ། སྨན་པའི་གྱོན་ཆས་དཀར་པོ། དམག་ཆས་ལྗང་ཁུ། ཏང་དར་དམར་པོ་སོགས། ཚོན་མདོག་མི་འདྲ་བའི་གྱོན་ཆས་སྤྲས་པའི་མི་རྣམས་ཕྱོགས་བཞི་མཚམས་བརྒྱད་ནས་སྐྱིད་གྲོང་ཕྱོགས་སུ་ཤར་རེར་འོང་བ་དག་ཏང་དར་གྱི་སྣེ་ཁྲིད་འོག་འགོག་ཐབས་བྲལ་བའི་སྟོབས་ཤུགས་ཤིག་ཏུ་གྱུར།

    “ང་རང་མཛོད་ཁང་དུ་བརྡ་ཐོ་བསྒུགས་ནས་བསྡད་ཡོད”

    ཟླ་8ཚེས་27ཉིན་གྱི་ཐོ་རེངས་ཆུ་ཚོད་4པ་ཡོལ་ནའང་སྐྱིད་གྲོང་གྲོང་རྡལ་པང་ཤིང་དམག་དམངས་མཛོད་ཁང་ནང་དུ་གློག་བཞུ་ཁྲ་ལྷམ་མེར་གསལ།

    ཆར་སིམ་རྒྱུན་མི་ཆད་པར་བབས་ཤིང་། སྐྱིད་གྲོང་གྲོང་རྡལ་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་ཚེ་རིང་ཆོས་དར་གྱིས་ཆར་སླེ་སྲབ་མོ་ཞིག་གྱོན་ཞིང་། ཁ་པར་རྒྱག་པའི་སྐད་དེ་རྒྱ་ཆེ་བའི་མཛོད་ཁང་ནང་དེ་བས་གསལ་བར་སྣང་།

    “གུར་ག་ཚོད་དབོར་བ་རེད་དམ། སྨི་ངོས་གྲུ་20ཡི་གུར་40ཡས་མས་བྱུང་སོང་། སྨི་ངོས་གྲུ་16གི་གུར་6དང་། ཕོ་ཁེབས། ཉལ་ཁྲི་སོགས་ཚང་མ་མཉམ་དུ་གྲ་སྒྲིག་བྱས་ཡོད”ཅེས་བརྗོད་སྐབས་ཁོང་གི་སྐད་འགགས་ཡོད་མོད། འོན་ཀྱང་བརྗོད་པའི་གྲངས་ཀ་ཚང་མ་ཧ་ཅང་གསལ་པོ་ཡོད།

    ཟླ་8ཚེས་27ཉིན་གྱི་ཉིན་དགུང་ཆུ་ཚོད་12པ་ཡོལ་ཙམ་ལ་གསར་འགོད་པར་སླར་ཡང་ཁོང་འཕྲད་བྱུང་། གཞི་རིམ་གྱི་ལས་བྱེད་པ་དེས་སྔར་བཞིན་མཛོད་ཁང་དུ་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད་པ་དང་། མིག་རྩ་དམར་པོར་གྱུར་ཡང་སྙིང་སྟོབས་སྤུ་ཙམ་ཡང་ཆག་མེད། མཚན་གང་གཉིད་ཉལ་ཁོམ་མ་བྱུང་ཞིང་ཁོང་གིས་བཤད་པའི་སྐད་ཆ་མང་ཤོས་ནི“ང་རང་མཛོད་ཁང་དུ་བརྡ་ཐོ་བསྒུགས་ནས་བསྡད་ཡོད”ཅེས་པ་དེ་རེད།

    “གློག་བརྟན་པོ་བྱུང་ན་ཚང་མ་དགོང་མོ་གཉིད་ལྷོད་ལྷོད་ཅིག་ཁུག་རྒྱུ་ཡོང་གི་རེད”

    རྡོ་རྗེ་ཆོས་འཕེལ་ནི་སྐྱིད་གྲོང་གྲོང་རྡལ་དུ་འབྱོར་བའི་རྒྱལ་ཁབ་གློག་དྲ་གཉའ་ནང་རྫོང་གློག་མཁོ་འདོན་ཀུང་སིའི་ལས་མི་ཁག་གཉིས་པ་རེད། ཁོང་གིས“ཁག་དང་པོ་ཁ་ས་ཕྱི་དྲོའི་ཆུ་ཚོད་དྲུག་པར་འབྱོར་འདུག ང་རང་ཁག་གཉིས་པ་ཡིན། མཚན་མོའི་ཆུ་ཚོད་12པ་ཡོལ་ཙམ་ལ་འབྱོར་བྱུང་། ང་ཚོ་རོཌ་སྐྱོར་མི་སྣ་ཁག་གཉིས་ཡོད་པར་བསྡོམས་མི་8ཡོད”ཅེས་བཤད།

    ཁོང་ཚོ་སྐྱིད་གྲོང་གྲོང་རྡལ་རིག་གནས་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་བཀོད་སྒྲིག་བྱ་ཡུལ་དུ་འབྱོར་མ་ཐག་ངལ་གསོ་རྒྱག་ཁོམ་ཡང་མེད་པར་སྦྲ་གུར་ཚང་མར་གློག་འཁྲིད་འགོ་ཚུགས། གློག་བཞུ་གསལ་བའི་དུས་སུ་སེམས་ཤུགས་ཀྱང་ཆེ་རུ་འགྲོ་གི་འདུག་ལ་མི་ལའང་དྲོ་སོབ་སོབ་ཀྱི་ཚོར་སྣང་ཞིག་ཡོང་གི་འདུག”ཅེས་རྡོ་རྗེ་ཆོས་འཕེལ་གྱིས་བཤད།

    དེ་རིང་ནམ་ལངས་མ་ཐག་ཁོ་ཚོ་སླར་ཡང་སྐྱིད་གྲོང་གྲོང་རྡལ་དུ་གློག་སྐུད་དང་གློག་ཤུགས་སྒྲིག་ཆས་ལ་ཞིབ་བཤེར་བྱེད་པར་བསྐྱོད་ཅིང་། ཕྱི་དྲོ་བཀོད་སྒྲིག་བྱ་ཡུལ་དུ་ལོག་རྗེས་མུ་མཐུད་གློག་སྐུད་བརྟན་དུ་གཏོང་རྒྱུ་དང་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱེད་འགོ་བཙུགས། “གློག་གི་ལས་ཀ་ཡིན་ཕྱིན་ཧ་རེ་ཧུ་རེ་གཏན་ནས་བྱེད་མི་རུང་། གློག་སྐུད་མཐུད་རྗེས་ད་དུང་བདེ་འཇགས་ལ་འགན་ལེན་བྱེད་དགོས”ཞེས་རྡོ་རྗེ་ཆོས་འཕེལ་གྱིས་བཤད།

    “སྔ་ཙམ་བརྡར་གཅོད་ཐུབ་ན་རོགས་སྐྱོབ་སྔར་བས་ཚན་རིག་དང་མཐུན་པ་བྱེད་ཐུབ”

    ཚེས་27ཉིན་གྱི་ཞོགས་པའི་ཆུ་ཚོད་9པར། ཀྲུང་གོ་ཨན་ནུས་ལྷ་ས་རྟེན་གཞིའི་རུ་འབྲིང་དང་པོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲུའུ་ལུའོ་ཁའེ་ཡིས་རུ་མིའི་སྣེ་ཁྲིད་དེ་སྐྱིད་གྲོང་གྲོང་རྡལ་དུ་འབྱོར།

    དབུགས་ངལ་ཡང་གསོ་ཁོམ་མེད་པར་ཚང་མས་འཕྲལ་མར་འཕྲལ་སྡོམ་བཀོད་འདོམས་སྒྲོམ་ཚང་དང་གུར་རྒྱག་པའི་ལས་ལ་ཞུགས། “རིགས་གཅིག་མཁས་ཅན་ཚོ་བསྒུགས་ནས་བསྡད་འདུག་ལ། རོགས་སྐྱོབ་ཀྱི་ཇུས་གཞི་ཡང་འགོད་རྒྱུ་ཡིན་པས། ང་ཚོས་སྐར་མ་གཅིག་ཀྱང་ནར་འགྱངས་བྱེད་མི་རུང”ཞེས་ཀྲུའུ་ལུའོ་ཁའེ་ཡིས་སྐད་འཛེར་བཞིན་བཤད།

    གནོད་འཚེ་ཕོག་ཁུལ་དུ་འཕྲིན་གཏོང་བརྡ་རྟགས་ཆད་པ་དང་། འགྲོ་ལམ་བརླན་ཞིང་འདམ་རྫབ་ཆེ་བས་རོགས་སྐྱོབ་མི་སྣ་ཁག་བགོས་ནས་མདུན་ཕྱོགས་སུ་བསྐྱོད་རྒྱུ་ལས་མ་འདས། སྐྱིད་གྲོང་གྲོང་རྡལ་དུ་གཞིས་སྲུང་བྱེད་མཁན་རུ་མི་ཚོའང་ངལ་གསོ་རྒྱག་ཁོམ་མ་བྱུང་བར་སྒྲིག་ཆས་ཕྲག་ཏུ་འཁུར་ནས་དེ་དག་དམིགས་སར་དབོར།

    སྒྲིག་ཆས་ཚང་མ་གཞི་ནས་བསྒར་ཚར་སོང་། ཀྲུའུ་ལུའོ་ཁའེ་ཡིས་གུར་གྱི་རླུང་འགོག་ཐག་པ་རེ་རེ་བཞིན་ལ་ཞིབ་བཤེར་བྱས་ཏེ་བརྟན་དུ་གཏོང་དགོས་པའི་མངག་བྱ་ཡང་ཡང་བྱས། ཁོང་གིས“ང་ཚོས་བརྒྱབ་པ་ནི་བཀོད་འདོམས་པུའུ་ཙམ་མ་ཡིན་པར་མདུན་ཕྱོགས་དང་རྒྱབ་ཕྱོགས་དབར་གྱི་སྲོག་རྩ་ཡང་ཡིན། སྔ་ཙམ་འབྲེལ་གཏུག་ཐུབ་ན་རིགས་གཅིག་མཁས་ཅན་གྱིས་སྔ་ཙམ་བརྡར་གཅོད་ཐུབ་པ་དང་རོགས་སྐྱོབ་དེ་བས་ཚན་རིག་དང་མཐུན་པ་བྱེད་ཐུབ”ཅེས་བཤད།

    ང་ཚོ་རང་ཉིད་ཀྱི་ཐབས་ལ་བརྟེན་ནས་མི་རྣམས་ཀྱི་སེམས་པ་ལྷོད་ལ་བབ་པའི་རེ་བ་ཡོད།

    ཚེས་28ཉིན་གྱི་སྔ་དྲོའི་ཆུ་ཚོད་11ཙམ་ལ། གཞིས་རྩེ་གྲོང་ཁྱེར་སྨན་རྩིས་ཁང་གི་སྨན་པ་4སྐྱིད་གྲོང་གྲོང་རྡལ་གྱི་བཀོད་སྒྲིག་བྱ་ཡུལ་དུ་འབྱོར། ངལ་གསོ་རྒྱག་ཁོམ་མ་བྱུང་བར་ཁོང་ཚོ་ཚོགས་ཆུང་གཉིས་སུ་བགོས་ནས་བཀོད་སྒྲིག་བྱས་པའི་མགྲོན་ཁང་གཉིས་སུ་བཅའ་སྡོད་བྱས་ཏེ་ས་གནས་ས་ཐོག་གི་དང་བླངས་པ་དང་འབྲེལ་གཏུག་བྱས།

    གཞིས་རྩེ་གྲོང་ཁྱེར་སྨན་རྩིས་ཁང་ཕྱི་བཅོས་ཚན་ཁག་གི་སྨན་པ་དཀའ་བཅུ་པ་ཟླ་བས“དུས་འགོའི་གྲ་སྒྲིག་སྟབས་བདེ་པོ་ཡིན། བོད་སྨན་དང་བདུག་སྤོས་བསྡུ་གསོག་བརྒྱབ་རྗེས་ཐོན་པ་ཡིན”ཞེས་བཤད། བརྡ་ཐོ་འབྱོར་བ་ནས་རླངས་འཁོར་དུ་འཛུལ་བའི་བར་ཁོང་ཚོར་གྲ་སྒྲིག་བྱེད་པའི་དུས་ཚོད་རིང་པོ་མེད་ཀྱང་འཁྱེར་དགོས་པ་གཅིག་ཀྱང་ལུས་མེད།

    བཀོད་སྒྲིག་བྱ་ཡུལ་དུ་ཡོད་པའི་མང་ཚོགས་ཀྱི་སེམས་པ་སྤྱིར་ན་ལྷོད་དུ་བབས་ཤིང་། མི་ལ་ལ་སྡོད་བཟོད་མི་བདེ་བ་བྱུང་བའི་སྐབས་སུ་སྨན་པས་སྨན་བསང་བདུག་པ་སོགས་ཀྱི་ཐབས་ལ་བརྟེན་ནས་ཁོང་ཚོའི་སེམས་པ་ལྷོད་ལ་བབ་ཐབས་བྱེད་པ་ཕུད། ཁོང་ཚོས་ད་དུང་མྱུར་སྐྱོབ་སྨན་རྫས་འཁྱེར་ནས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་མངགས་གཏོང་དང་ལེན་ཞུས་ནས་རྨས་མར་སྐྱོབ་བཅོས་བྱ་རྒྱུའི་གྲ་སྒྲིག་ཀྱང་བྱས།

    ཉེན་ཁ་འཕྲད་པའི་དུས་སུ། གོམ་པ་རེ་རེ་བཞིན་མདུན་དུ་སྐྱོད་པའི་གོམ་སྒྲ་ལས་སྐད་གྲགས་ཆེ་བའི་དམ་བཅའ་གཅིག་ཀྱང་མེད། དཀའ་ཉེན་སྣ་ཚོགས་ཁྱད་དུ་བསད་པ་དང་ཉིན་མཚན་བསྟུད་མར་འཐབ་རྩོད་བྱེད་པའི་དམིགས་ཡུལ་ནི་མི་དམངས་ཀྱི་ཚེ་སྲོག་སྲུང་གང་ཐུབ་བྱེད་པའི་ཆེད་དུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།