སྡེ་ཚན་གཉིས་ཀྱིས་བསམ་འཆར་བཀྲམ་ནས་ཞབས་ཞུའི་རིགས་ཀྱི་སྤྱི་ཚོགས་རོགས་སྐྱོབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།
གསར་འགོད་པར་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། རིམ་དབྱེ་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་སྤྱི་ཚོགས་རོགས་སྐྱོབ་ལས་དོན་གྱི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་ཆེད། ཉིན་ཤས་གོང་དམངས་སྲིད་པུའུ་དང་ནོར་སྲིད་པུས《ཞབས་ཞུའི་རིགས་ཀྱི་སྤྱི་ཚོགས་རོགས་སྐྱོབ་འཕེལ་རྒྱས་ཧུར་ཐག་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་སྟེ་སྤྱི་ཚོགས་རོགས་སྐྱོབ་དེ་དངོས་པོའི་རོགས་སྐྱོབ་ཁོ་ན་ནས“དངོས་པོ+ཞབས་ཞུའི”ཕྱོཌ་བསྡུས་རོགས་སྐྱོབ་ཏུ་བསྒྱུར་བར་སྐུལ་འདེད་བཏང་ནས་སྤྱི་ཚོགས་རོགས་སྐྱོབ་ཀྱི“གཞི་རྩ་འགན་སྲུང་དང་། ཉེན་ཁ་སྔོན་འགོག འཕེལ་རྒྱས་སྐུལ་གཏོང”བཅས་ཀྱི་ནུས་པ་དེ་བས་ལེགས་པའི་ངང་འདོན་དགོས་ཞེས་ཁ་གསལ་བཏོན་ཡོད།
བསམ་འཆར་ནང་ཁ་གསལ་བཏོན་དོན། ཞབས་ཞུའི་རིགས་ཀྱི་སྤྱི་ཚོགས་རོགས་སྐྱོབ་ནི་ཞབས་ཞུ་མཁོ་འདོན་བྱས་པ་བརྒྱུད་སྤྱི་ཚོགས་རོགས་སྐྱོབ་ལག་བསྟར་བྱེད་པའི་ཐབས་ཤེས་ཤིག་ཡིན་པ་དང་། གཙོ་བོ་དགོས་མཁོ་ཡོད་པའི་དམིགས་བསལ་དཀའ་ངལ་ཆེ་བའི་མི་སྣ་དང་། མ་མཐའི་འཚོ་བ་འགན་སྲུང་ཁྱིམ་ཚང་གི་ཁོངས་མི། མ་མཐའི་འཚོ་བ་འགན་སྲུང་གི་མཐར་ལུས་ཁྱིམ་ཚང་གི་ཁོངས་མི། མི་གཏོང་ཀ་མེད་ཀྱི་གཏོང་སྒོའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ཁོངས་མི་སོགས་སྤྱི་ཚོགས་རོགས་སྐྱོབ་བྱ་ཡུལ་ལ་ཕྱོགས་ནས་ཁོང་ཚོས་རང་ངོས་ནུས་པ་ཁོ་ནར་བརྟེན་ཕྱིན་ཐོབ་དཀའ་བའི་གཞི་རྩའི་འཚོ་བའི་ཐད་ཀྱི་ཞབས་ཞུའི་དགོས་མཁོ་བསྐང་རྒྱུ་དེ་རེད།
བསམ་འཆར་ནང་། ས་གནས་ཁག་གིས་སྤྱི་ཚོགས་རོགས་སྐྱོབ་བྱ་ཡུལ་གྱི་དཔལ་འབྱོར་དང་། བདེ་ཐང་། སློབ་གསོ། སྡོད་གནས། ལས་ཞུགས། ལྟ་སྐྱོང་། སྤྱི་ཚོགས་མཉམ་འདྲེས། དེ་བཞིན་ཞབས་ཞུའི་རེ་ཞུ་སོགས་ཀྱི་གནས་ཚུལ་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ནས་ཞབས་ཞུའི་རིགས་ཀྱི་སྤྱི་ཚོགས་རོགས་སྐྱོབ་དགོས་མཁོའི་ཚོད་སྐོར་དམིགས་ཚད་མ་ལག་འཛུགས་པ་དང་ཆབས་ཅིག ཚོད་སྐོར་གྱི་ཚད་གཞི་ཞིབ་ཚགས་སུ་གཏོང་བ་དང་། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་། སྲིད་གཞུང་ནོར་སྲིད་ཀྱི་ཐེག་ནུས། སྤྱི་ཚོགས་རོགས་སྐྱོབ་བྱ་ཡུལ་གྱི་ཞབས་ཞུའི་དགོས་མཁོ། ཞབས་ཞུའི་ཐོན་ཁུངས་ཀྱི་མཁོ་སྤྲོད་ནུས་པ་སོགས་ཀྱི་རྒྱུ་རྐྱེན་དང་ཟུང་འབྲེལ་བྱས་ནས་ཞབས་ཞུའི་རིགས་ཀྱི་སྤྱི་ཚོགས་རོགས་སྐྱོབ་ཀྱི་མཁོ་སྤྲོད་གསལ་ཐོ་བཟོས་ཏེ་དམིགས་སའི་རང་བཞིན་ལྡན་པའི་ངང་རོགས་སྐྱོབ་བྱ་ཡུལ་ལ་ལྟ་སྐྱོང་གི་ཞབས་ཞུ་དང་། འཚོ་བའི་ཞབས་ཞུ། གཅེས་སྐྱོང་གི་ཞབས་ཞུ་སོགས་མཁོ་འདོན་བྱས་ཏེ་སྲིད་གཞུང་གིས་གཙོ་ཁྲིད་དང་སྣ་མང་ཞུགས་པའི་ཞབས་ཞུའི་རིགས་ཀྱི་སྤྱི་ཚོགས་རོགས་སྐྱོབ་ལས་དོན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།