དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཇར་མན་ཏུའུ་དབྱི་སི་པའོ—ཨའེ་སེན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧའེ་པེ་ལེ་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཞུས་ཤིང་།   |     སྤེལ་དུས།  2026-08-27

    “གལ་སྲིད་ལོ་ལྟར་ཀྲུང་གོར་ཕྱིན་མེད་ན་ངས་ཀྲུང་གོའི་འཕེལ་རྒྱས་གོམ་སྟབས་ཀྱི་རྗེས་ཟིན་པ་མི་འདུག”ཅེས་འཇར་མན་གྱི་ཏུའུ་དབྱི་སི་པའོ—ཨའེ་སེན་སློབ་ཆེན་གྱི་ཀྲུང་གོའི་ཆབ་སྲིད་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་བསླབ་རྒན་དགེ་རྒན་ཆེ་མོ་བ་ཐུའོ་མ་སི·ཧའེ་པེ་ལེ་ཡིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད་པ་དང་། ཁོང་གིས“ཀྲུང་གོ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བཞིན་འདུག་ཅེས་བརྗོད་ན་མི་འགྲིག་པ་མི་འདུག”ཅེས་བརྗོད།

    ཧའེ་པེ་ལེ་ནི་ལོ་བདུན་ཅུ་ལྷག་ལ་སླེབས་པའི་འཇར་མན་གྱི་ཀྲུང་གོའི་གནད་དོན་སྐོར་གྱི་རིགས་གཅིག་མཁས་ཅན་སྐད་གྲགས་ཡོད་པ་ཞིག་རེད། དུས་རབས་ཕྱེད་ཀ་ཙམ་རིང་ཁོང་གིས་ཀྲུང་གོའི་ཞིང་ཆེན་30ལྷག་ཙམ་དུ་བསྐྱོད་ནས་ཀྲུང་གོའི་སྐོར་གྱི་རྩོམ་ཡིག་79རྩོམ་སྒྲིག་བྱས་པའི་ཁྲོད་རྩོམ་ཡིག་10རྒྱ་ཡིག་ལ་བསྒྱུར་ཡོད། སི་ཁྲོན་ཞིང་ཆེན་ལེང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་ནི་ཧའེ་པེ་ལེ་ཡིས་1981ལོར་ཀྲུང་གོར་བརྟག་དཔྱད་བྱེད་འགོ་ཚུགས་པའི་ས་ཚིགས་དང་པོ་དེ་ཡིན་པ་དང་། དེ་རྗེས་ཀྱི་ལོ་40ལྷག་ཙམ་ནང་ཁོང་གིས་ལོ་ལྟར་སྤྱིར་ན་ཟླ་བ་གཉིས་རིང་ཀྲུང་གོར་བརྟག་ཞིབ་བྱས་ནས་སྡོད་ཀྱི་ཡོད།

    “དུས་རབས་གོང་མའི་ལོ་རབས་80པར་ཀྲུང་གོའི་གྲོང་གསེབ་ས་ཁུལ་མང་པོ་ཞིག་ནི་རང་ཁ་རང་གསོའི་ཞིང་ལས་ཆུང་བའི་དཔལ་འབྱོར་ཡིན་པ་དང་། དེ་རྗེས་ཤང་གྲོང་ཁེ་ལས་ཐོན་ཞིང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཕྱིན་པ་མ་ཟད། གོ་ལ་ཧྲིལ་པོའི་ཁྲོམ་ར་རྒྱུན་ཆད་མེད་པར་གསར་འབྱེད་ཀྱང་བྱས་ཡོད”ཅེས་ཧའེ་པེ་ལེ་ཡིས་བརྗོད་པ་དང་། ཁོང་གིས“ཀྲེ་ཅང་དབྱི་ཝུའུ་ནི་དེ་སྔ་དར་རྒྱས་འགྲོ་འགོར་བའི་ཞིང་ལས་རྫོང་ཞིག་ཡིན་པ་དང་། ད་ཆ་ཚོང་ཟོག་ཆུང་གྲས་ཀྱི་ཚོང་དོན་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར་ནས་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་དང་དམ་པོར་སྦྲེལ་ཡོད”ཅེས་བརྗོད།

    “ཀྲུང་གོའི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་གྱུར་པ་དེ་དཔལ་འབྱོར་གྱི་དམིགས་ཚད་རབ་དང་རིམ་པ་ནས་མངོན་པ་མ་ཟད། ད་དུང་གྲོང་གསེབ་ཀྱི་འཚོ་བ་དེ་བས་ཤེས་དཔལ་ལྡན་ཞིང་འཚོ་སྡོད་རུང་བ་ཡིན་པ་ནས་མཚོན་གྱི་ཡོད”ཅེས་ཧའེ་པེ་ལེ་ཡིས་བརྗོད་པ་དང་། ཁོང་གིས“དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དགུ་བཅུའི་ནང་ཀྲུང་གོའི་ས་ཆ་ཁག་གཅིག་གི་ཆུ་བོ་དེ་འཇར་མན་གྱི་དེ་སྔའི་ལུ་ཨར་ཁུལ་དང་འདྲ་བར་སྦགས་བཙོག་ཕོག་ཚབས་ཆེ་བ་དང་། ཆུའི་ནང་ཉ་ཧ་ལམ་མཐོང་རྒྱུ་མེད། ད་ཆ་ཀྲུང་གོའི་ཆུ་བོ་ཧ་ཅང་དྭངས་མོར་གྱུར་ཡོད། ཉེ་བའི་ལོ་ཤས་རིང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་ཀྲུང་གོར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད”ཅེས་བརྗོད།

    “རྨང་གཞིའི་སྒྲིག་བཀོད་ཐད་གྲོང་གསེབ་ཀྱི་འགྲོ་ལམ་དང་། གློག་རླངས་ཅན། ཆུ་མཁོ་འདོན་བཅས་དང་དེ་བཞིན་སློབ་གསོ་དང་སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་ཐད་ལའང་ཡར་རྒྱས་ཆེན་པོ་བྱུང་ཡོད”ཅེས་ཧའེ་པེ་ལེ་ཡིས་བརྗོད། དེ་གོང་ཁོང་གིས་མ་དངུལ་གྲབས་གསོག་བྱས་ནས་ལེང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་མེ་ཀུའུ་རྫོང་ལ་སློབ་གྲྭ་ཞིག་བརྒྱབ་ཡོད། “ད་ཆ་དེ་གའི་སློབ་གསོའི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་འདུག”

    “ཀྲུང་གོ་སྲིད་གཞུང་གིས་ཁྱིམ་ཚང་དབུལ་པོ་ཚང་མར་གློག་རྡུལ་དང་ཤོག་བུའི་ཟིན་ཐོ་ཞིབ་ཕྲ་བཟོས་ཡོད། ཟིན་ཐོ་དེ་དག་ནང་སྤྱིར་ན་དམིགས་ཚད་བཅུ་གྲངས་ཚུད་ཡོད་པ་དཔེར་ན། ཡོང་འབབ་དང་། ལས་ཞུགས་ཀྱི་གནས་ཚུལ། བདེ་ཐང་གི་གནས་ཚུལ། སློབ་གསོའི་ཆུ་ཚད། སྡོད་ཁང་གི་སྤུས་ཚད་བཅས་དང་ཐ་ན་དྭངས་གཙང་གི་ཆུ་སྤྱོད་གནས་ཚུལ་ཡང་ཚུད་ཡོད། སྲིད་གཞུང་གིས་ཁྱིམ་ཚང་མི་འདྲ་བར་དམིགས་ནས་དེ་མཚུངས་ཀྱི་དབུལ་སྒྲོལ་འཆར་གཞི་བཟོས་ཡོད”ཅེས་ཧའེ་པེ་ལེ་ཡིས་བརྗོད་པ་དང་། ཁོང་གིས“ངས་ཡུན་ནན་ཞིང་ཆེན་གྱི་ས་ཆ་ཁག་གཅིག་ལ་བརྟག་ཞིབ་བྱེད་སྐབས་གྲོང་ཚོའི་ལས་བྱེད་པས་དུས་བཀག་ནང་ཁྱིམ་དུ་འཚམས་འདྲི་བྱས་ནས་འབྲེལ་ཡོད་ཟིན་ཐོ་གསར་བརྗེས་དང་རྒྱབ་སྐྱོར་གྱི་འཆར་གཞི་ལེགས་སྒྲིག་བྱེད་བཞིན་ཡོད་པ་མཐོང་བྱུང་ལ། ཀྲུང་གོའི་གནད་སྨིན་དབུལ་སྐྱོར་གྱི་འཐབ་ཇུས་ལས་རྒྱལ་ཁབ་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་གྱུར་པ་མངོན་གྱི་ཡོད”ཅེས་བརྗོད།

    ཧའེ་པེ་ལེ་ཡིས་ཀྲུང་གོའི་བཅོས་སྐྱོང་བྱེད་སྟངས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ནི་སྟོབས་ཤུགས་གཅིག་སྡུད་ཀྱིས་བྱ་བ་ཆེན་པོ་སྒྲུབ་པ་དེ་ཡིན་པ་དང་། ལྷག་པར་དུ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ནས་དེ་གསལ་པོ་མངོན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།