དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་སུའེ་ཙེར་གྱིས་རང་མོས་ཚོང་དོན་གྱི་གྲོས་ཆོད་རིམ་སྤོར་གྲོས་མོལ་ལེགས་གྲུབ་བྱུང་བའི་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-08-27

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ཚོང་དོན་པུའི་པུའུ་ཀྲང་ཝང་ཝུན་ཐའོ་ཡིས་ཚེས་20ཉིན་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་དང་དཔལ་འབྱོར་སློབ་གསོ་ཞིབ་འཇུག་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་ཕཱ་མུའུ་ལན་དང་མཉམ་དུ་པེར་ནེ་རུ་ཀྲུང་གོ་དང་སུའེ་ཙེར་གྱི་རང་མོས་ཚོང་དོན་གྱི་གྲོས་ཆོད་རིམ་སྤོར་གྲོས་མོལ་ལེགས་གྲུབ་བྱུང་བ་དང་འབྲེལ་བསམ་ཤེས་བརྗེད་ཐོར་མིང་རྟགས་ཀྱང་བཀོད་པའི་ཁྱབ་བསྒྲགས་བྱས་པ་རེད།

    ཝང་ཝུན་ཐའོ་ཡིས། 2024ལོའི་ཟླ་9པར་ཀྲུང་གོ་དང་སུའེ་ཙེར་ཕྱོགས་གཉིས་པོས་རང་མོས་ཚོང་དོན་གྱི་གྲོས་ཆོད་རིམ་སྤོར་གྲོས་མོལ་བྱེད་འགོ་ཚུགས་པ་དང་། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་གྲོས་མོལ་རེས་སྐོར་ལྔ་བྱས་རྗེས་རིམ་སྤོར་གྲོས་མོལ་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད། ཕྱོགས་གཉིས་པོས་དངོས་ཟོག་དང་། ཞབས་ཞུ། མ་འཇོག སྒྲིག་སྲོལ་སོགས་ཁྱབ་ཁོངས་མང་པོར་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་གཉིས་སྒོ་དབྱེ་བྱ་རྒྱུའི་ཁས་བླངས་པ་དེས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གོ་སྐབས་གསར་པ་གཏོད་རྒྱུ་རེད་ཅེས་བརྗོད།

    2013ལོའི་ཟླ་7པར། ཀྲུང་གོ་དང་སུའེ་ཙེར་གྱི་རང་མོས་ཚོང་དོན་གྲོས་ཆོད་ལ་མིང་རྟགས་བཀོད་པ་དང་། 2014ལོའི་ཟླ་7པར། དངོས་སུ་ལག་བསྟར་བྱས་པ་དེ་ནི་རང་རྒྱལ་དང་ཡོ་རོབ་སྐམ་ས་ཆེ་མོའི་རྒྱལ་ཁབ་དབར་བཞག་པའི་རང་མོས་ཚོང་དོན་གྱི་གྲོས་ཆོད་དང་པོ་དེ་རེད། ད་ཐེངས་ཀྱི་རིམ་སྤོར་གྲོས་མོལ་ལེགས་གྲུབ་ཟིན་རྗེས་ཕྱོགས་གཉིས་པོས་རང་སོ་སོའི་རྒྱལ་ནང་གི་ལས་རིམ་གང་མགྱོགས་ལག་བསྟར་བྱས་ཏེ་རིམ་སྤོར་གྲོས་ཆོད་ཡི་གེར་སྔ་ཙམ་མིང་རྟགས་དངོས་སུ་འགོད་ཐུབ་པ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།