དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས། དུས་རབས་རྒྱང་ལམ་གསར་པར་འབད་པས་སྐྱོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-27

    2025ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་གནང་མཛད་དེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་ཕྱོགས་སྟོན་སྣེ་ཁྲིད་དང་འཆར་གཞི་བཀོད་གནང་མཛད་ནས། ང་ཚོས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་གཏིང་ཤུགས་དང་སྒུལ་ཤུགས་བསྣན་གནང་བ་རེད། ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམ་པོར་དམིགས་པ། “འཛུགས་གཏོད་བཞིར”ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། “མདུན་གྲལ་དུ་སླེབས་པ་བཞི”མངོན་འགྱུར་ཧུར་ཐག་བཅས་བྱས་ཏེ། དྲིན་ཚོར་མདུན་སྐྱོད་ཀྱིས་རང་ལྗོངས་ཀྱི་བྱ་གཞག་ཁག་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་བཏང་ཡོད།

    བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་མདུན་སྐྱོད་ཀྱི་རྨང་གཞི་བརྟན་དུ་བཏང་ཞིང་། སྤྱི་ཁྱབ་ཧྲུའུ་ཅིས། རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བར་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་ཡོད། ལོ་གཅིག་རིང་། རང་ལྗོངས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མང་ཚོགས་ཅན་དུ་ཁྱབ་སྤེལ་གཏིང་ཟབ་བྱས་ནས། བོད་ཀྱི་ས་རྒྱ་ཆེ་བ་དང་། མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་ཡིན་པ། སྐད་གཉིས་ཁྱབ་སྤེལ་གྱི་དགོས་མཁོ་ཆེ་བ་བཅས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ། རིམ་ལྔའི་སྒྲོག་འགྲེལ་དཔུང་ཁག་ལ་བརྟེན་ནས་ཚོགས་རིགས་དབྱེ་བ་དང་གོ་བདེ་ཅན་གྱི་སྒྲོག་འགྲེལ་བྱས་པ་རེད། རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་འབྲོག་ཁུལ་གྱི་རྩྭ་ར་དང་། མཐའ་མཚམས་གྲོང་སྡེ། སློབ་གྲྭ དགོན་སྡེ་བཅས་སུ་སྣུར་སྲིང་བྱས་ཏེ་ཡུལ་སྐད་ཐོག་ནས་རིགས་པའི་གཞུང་ལུགས་ཀྱི་དོན་གནད་འགྲེལ་བཤད་རྒྱག་པ་དང་ཉེ་འགྲམ་གྱི་འགྱུར་ལྡོག་ལ་བརྟེན་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པར་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་སེམས་ལ་ཟུག་པ་དང་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ཡོད།

    དམངས་ཀྱི་ཆེད་ཐོག་མའི་བསམ་འདུན་བརྟན་པོར་བསྲུངས་ནས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་ཞིང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་གཞིར་བཟུང་། རང་ལྗོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ་ས་མཐོའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། ཁྱད་ལྡན་ཞིང་འབྲོག་ལས་དང་ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་བ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་བསལ་ཡོད། ལས་ཞུགས་དང་། སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་བཅོལ་སོགས་དམངས་འཚོའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་བཅོད་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མང་ཚོགས་ཀྱི་སེམས་གཏིང་དུ་ཟུག་པར་བྱས་ནས་མཐུན་སྒྲིལ་འཆམ་མཐུན་དང་དར་རྒྱས་གོང་འཕེལ་གྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཡོད།

    བརྟན་ལྷིང་སྲུང་སྐྱོང་དང་སྐྱེ་ཁམས་ལ་སྤྱི་འདོམས་བྱས་ནས་མཐའ་མཚམས་ཀྱི་གཡུལ་ས་བརྟན་དུ་བཏང་ཞིང་། རང་ལྗོངས་ཀྱིས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་བཙུགས་ནས་སྐྱེ་ཁམས་སྲུང་སྐྱོང་སླར་གསོར་སྐུལ་འདེད་ཏན་ཏིག་བཏང་སྟེ་ས་མཐོའི་སྲོག་ཆགས་དང་རྩི་ཤིང་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱས་ཡོད། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་སྲུང་སྐྱོང་བྱས་ཡོད། ཏང་སྲིད་དམག་ཉེན་དམངས་བཅས་ཀྱི་མཉམ་ཤུགས་ལ་བརྟེན་ནས་མཐའ་མཚམས་སྲ་བརྟན་དུ་གཏོང་བའི་ལམ་སྲོལ་དོན་འཁྱོལ་བྱས་ཏེ། མཐའ་མཚམས་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་བ་དང་མེས་རྒྱལ་ལྷོ་ནུབ་ཀྱི་བདེ་འཇགས་བརྟན་ལྷིང་སྲུང་བཅད་བརྟན་པོར་བསྐྲུན་ཡོད།

    “སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་དྲིན་ཚོར། ཏང་ཀྲུང་དབྱང་ལ་བློ་ཁ་ཕྱོགས”ཞེས་པ་ནི་གངས་ལྗོངས་ས་མཐོའི་བུ་ཕྲུག་ཁྲི་370ཡི་ཐུན་མོང་གི་བསམ་ཚུལ་རེད། འགོ་འཛུགས་ས་གསར་པར་གཞི་ཚུགས་པ་དང་རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས་ཏེ། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་མངགས་བཅོལ་ཟབ་མོ་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་གསར་འབྱེད་གསར་གཏོད་ཀྱི་བསམ་པའི་སྒུལ་ཤུགས་ཆེན་པོར་འགྱུར་བ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་བྱ་གཞག་ཁག་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ལག་ལེན་ལ་འགྱུར་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་ཕན་འབྲས་དངོས་ལ་འགྱུར་བ་བཅས་བྱས་ཏེ། རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་ཕྱོགས་སུ་མཉམ་དུ་སྐྱོད་པ་དང་མི་རིགས་བསྐྱར་དར་གྱི་གཟི་བརྗིད་རླབས་པོ་ཆེ་ཐུན་མོང་ཐོག་མཉམ་སྤྱོད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།