མི་དམངས་བུ་ཕྲུག་དམག་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེའི་རོགས་སྐྱོབ་ནང་ཞུཌ་པ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། མི་དམངས་བུ་ཕྲུག་དམག་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེའི་རོགས་སྐྱོབ་ནང་ཞུགས་པ་རེད།
དེ་ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཙམ་ལ། ནེ་པ་ལའི་ཕྱོགས་སུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་ཐོན་ཡོད་པ་རེད། སྐམ་དམག་མཐའ་སྲུང་ཐོན་ཤོག་ཅིག་གིས་འཕྲལ་མར་འབྲུབ་འགོག་ཉེན་སེལ་གྱི་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་བ་དང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གཞིས་རྩེ་ཉིང་ལག་རུ་ཁག་གིས་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་ཞིང་། སྔོན་སྐྱོད་ཡན་ལག་རུ་ཁག་གིས་མྱུལ་ཞིབ་བྱས་ནས་ཤེས་རྟོགས་བྱུང་བར། སྐྱིད་གྲོང་འགག་སྒོར་སྐྱོད་སའི་འགྲོ་ལམ་དང་འཕྲིན་གཏོང་ཆད་པ་དང་། ཁང་པ་ཁག་གཅིག་འདམ་རྡོའི་ཆུ་རུད་ཀྱིས་མནན་ཡོད་པ་རེད།
ཚེས་26ཉིན་གྱི་ཆུ་ཚོད་17བར། བོད་དམག་ཁུལ་ཁང་གིས་མདུན་ཕྱོགས་བཀོད་འདོམས་ཚོགས་ཆུང་ས་ཡུལ་དངོས་སུ་མངགས་པ་དང་འབྲེལ་འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་འཕྲལ་དུ་བཏང་བ་དང་། བོད་ལྗོངས་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གི་འོས་གྲབས་དཔུང་ཁག་གཉིས་པའི་མི་130ལྷག་ཙམ་དང་ལས་གྲྭའི་འཕྲུལ་ཆས་རྡོག་ཐོན་གྱི་གྲ་སྒྲིག་ཟིན་པ། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གཞིས་རྩེ་ཉིང་ལག་རུ་ཁག་གི་དཔོན་དམག་140ལྷག་ཙམ་གྱིས་ཆེད་ལས་ཀྱི་རྒུད་སྐྱོབ་སྒྲིག་ཆས་ཁྱེར་ནས་ཉེན་སེལ་རྒུད་སྐྱོབ་ཀྱི་འཐབ་ས་དང་པོར་བསྐྱོད་པ་རེད།
འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མི་དམངས་བུ་ཕྲུག་དམག་གིས་ཐབས་བརྒྱ་ཇུས་སྟོང་ངང་འབྲེལ་བ་ཆད་པའི་མི་སྣ་འཚོལ་སྐྱོབ་དང་། ཉེན་ཡོད་མང་ཚོགས་གནས་སྤོ་བཀོད་སྒྲིག རྨས་མ་གང་མགྱོགས་སྐྱོབ་བཅོས་བཅས་བྱས་ནས་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་ཅི་ཐུབ་བྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།