རང་ལྗོངས་ཀྱིས་འཕྲལ་མར་རོགས་སྐྱོབ་བྱེད་འགོ་བཙུགས་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་གེགས་ཁུལ་ལ་རོགས་སྐྱོར་བྱེད་པར་བསྐྱོད་པ།

འདི་ནི་ཟླ་8ཚེས་26ཉིན། བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་རུ་མི་ཚོ་་རོགས་སྐྱོབ་བྱེད་པར་ཐོན་རྩིས་བྱེད་བཞིན་པ།
ཟླ་8ཚེས་26ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཙམ་ལ། ནེ་པ་ལའི་ཕྱོགས་སུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་ཐོན་ཡོད་པ་རེད། གནོད་འཚེ་ཐོན་རྗེས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད་མཛུབ་སྟོན་གལ་ཆེན་ཡང་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་འཕྲལ་མར་ས་ཡུལ་དངོས་སུ་རོགས་སྐྱོབ་བཀོད་འདོམས་གནང་བར་ཕེབས་པ་དང་། ལྗོངས་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་འཕྲལ་མར་དང་ལེན་དང་མགྱོགས་མྱུར་བཀོད་སྒྲིག་བྱས་ཏེ་འཕྲལ་དུ་སྟོབས་ཤུགས་བསྡུ་རུབ་དང་དངོས་ཟོག་གྲ་སྒྲིག་བྱས་ནས་མྱུར་ཚད་མགྱོགས་ཤོས་ཀྱི་ཐོག་ནས་གེགས་ཁུལ་ལ་རོགས་སྐྱོར་བྱེད་པར་བསྐྱོད་པ་དང་རྒུད་སྐྱོབ་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་པ་རེད།
སྟོབས་ཤུགས་གཅིག་སྡུད་ཀྱིས་ནུས་ཤུགས་ཡོད་རྒུས་གེགས་ཁུལ་ལ་རོགས་སྐྱོར་བྱེད་པར་བསྐྱོད་པ།
གནོད་འཚེ་ནི་བཀའ་རྒྱ་ཡིན་པས་རོགས་སྐྱོབ་ཡུད་ཙམ་ཡང་འགྱངས་མི་རུང་། བོད་ཀྱི་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་སྣ་ཚོགས་འཕྲལ་དུ་བསྡུ་རུབ་དང་སྨག་རུམ་ཁྲོད་དུ་རོགས་སྐྱོར་བྱེད་པར་བསྐྱོད་དེ་མི་སྣ་འཚོལ་སྐྱོབ་དང་། འགྲོ་ལམ་གཤོང་བ། ཉེན་ཁའི་གནས་ཚུལ་ལ་གྲལ་བཤེར། མང་ཚོགས་གནས་སྤོ། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་སོགས་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་ཉེན་སེལ་བྱེད་བཞིན་ཡོད།
ཟླ་8ཚེས་26ཉིན་གྱི་ཆུ་ཚོད་13དང་སྐར་མ་55ཙམ་ལ། བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་རོགས་སྐྱོབ་རླངས་འཁོར་72དང་མེ་ཟོན་རོགས་སྐྱོབ་མི་སྣ་431ཛ་དྲག་ངང་བཀོད་གཏོང་བྱས་པ་དང་། རྫི་ཁྱི་དང་། གསོན་པོ་འཚོལ་ཆས། གདོང་མཆོང་གྲུ་གཟིངས་སོགས་ཆེད་ལས་རོགས་སྐྱོབ་སྒྲིག་ཆས་ཁྱེར་ནས་གེགས་ཁུལ་དུ་བསྐྱོད་པ་རེད། ལྷ་ས་མེ་ཟོན་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་གི་རུ་ཆེན་དང་པོ་དང་གཉིས་པ་དང་དེ་བཞིན་གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་དང་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་སོགས་ཁོངས་གཏོགས་ས་ཆའི་སྟོབས་ཤུགས་མཉམ་དུ་རོགས་སྐྱོར་བྱེད་པར་བསྐྱོད་དེ་འཐབ་ས་དང་པོའི་འཚོལ་སྐྱོབ་ལས་དོན་ནང་གང་མགྱོགས་ཞུགས་པ་རེད།
དྲག་ཆས་ཉེན་རྟོག་གཞིས་རྩེ་ཉིང་ལག་རུ་ཁག་གི་སྔོན་སྐྱོད་རོགས་སྐྱོབ་ཡན་ལག་རུ་ཁག་སྐྱིད་གྲོང་རྫོང་ས་ལེ་ཤང་དུ་བཅའ་སྡོད་བྱས་ཟིན་པ་དང་། ས་ཡུལ་དངོས་སུ་རྩད་ཞིབ་བྱས་པ་བརྒྱུད། ཀོ་པ་གྲོང་ཚོར་གནོད་འཚེ་ཅུང་ཆེ་ཙམ་ཕོག་ཡོད་པ་རེད། འགྲོ་ལམ་ལུག་པའི་རྐྱེན་གྱིས་རོགས་སྐྱོབ་སྒྲིག་ཆས་ཆེ་གྲས་གནས་སྐབས་ལྟེ་བའི་རོགས་སྐྱོབ་ས་ཁོངས་སུ་ཐད་ཀར་སྐྱོད་ཐབས་བྲལ་བས། དཔོན་དམག་ཚོས་ས་གནས་དང་མཉམ་དུ་འགྲོ་ལམ་གཤོང་བ་དང་། ཉེན་གྱར་མི་སྣར་རོགས་སྐྱོབ། ཉེན་ཆེའི་གནས་ཚུལ་སྐོར་ཞིབ་སོགས་ཀྱི་ལས་དོན་སྤེལ་ནས་རྗེས་མཐུད་ཀྱི་གཞི་ཁྱོན་ཆེ་བའི་རོགས་སྐྱོབ་ལ་འགྲོ་ལམ་བཤངས་པ་རེད།
བོད་ལྗོངས་སྤྱི་བདེ་ལས་ཁུངས་ཀྱིས་འཕྲལ་མར་འཕྲལ་སྡོམ་ཐག་གཅོད་ཀྱི་སྔོན་ཇུས་ལག་ལེན་བསྟར་འགོ་བཙུགས་ནས་ཁག་དང་པོར་ཉེན་རྟོག་པ་245འཕྲལ་དུ་འཐབ་ས་དང་པོར་བཏང་སྟེ་ས་གནས་ས་ཐོག་ཏུ་མང་ཚོགས་གནས་སྤོ་དང་། ཉེན་སེལ་རོགས་སྐྱོབ། གནོད་འཚེའི་གནས་ཚུལ་གྲལ་བཤེར་བཅས་ཀྱི་ཆེད་དོན་ལས་དོན་ཚོགས་ཆུང་ཆེན་པོ་གསུམ་བཙུགས་པ་རེད། ཚེས་26ཉིན་གྱི་ཆུ་ཚོད་17ཙམ་ལ། སྐྱིད་གྲོང་འགག་སྒོ་ཡན་ལག་ཅུས་ཀྱི་མི་དམངས་ཉེན་རྟོག་པ་8ཀྱིས་གནོད་འཚེ་ཚབས་ཆེ་ཤོས་ཕོག་སའི་རྒྱལ་ཁབ་ཀྱི་སྒོ་མོའི་ས་ཁོངས་སུ་སྔོན་ལ་བསྐྱོད་དེ་འབྲེལ་བ་ཆད་པའི་མི་སྣ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱས་ཡོད། དེ་དང་ཆབས་ཅིག གཞིས་རྩེའི་སྤྱི་བདེས་འགྲིམ་འགྲུལ་བཀག་སྡོམ་གྱི་གསལ་བརྡ་བཏང་ནས་སྐྱིད་གྲོང་འགག་སྒོའི་རྒྱལ་ཁབ་ཀྱི་སྒོ་མོའི་ཕྱོགས་ཀྱི་འགྲོ་ལམ་ལ་ཕྱོགས་གཉིས་ནས་གནས་སྐབས་བཀག་སྡོམ་བྱས་ཏེ། ཉེན་སེལ་རོགས་སྐྱོབ་ཀྱི་ཆེད་གཏོངབགྲོད་ལམ་བཏོད་ནས་ཉེན་སེལ་འགྲོ་སྐྱོད་བདེ་འཇགས་ཤར་བགྲོད་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།
འཕྲིན་གཏོང་དང་། གློག་ཤུགས། གནམ་གཤིས་བཅས་ལ་འགན་སྲུང་བྱས་ཏེ་འཕྲལ་སྡོམ་འགན་སྲུང་གི་འགོག་སྲུང་འཛིང་རགས་ཕྱོགས་ཡོངས་ནས་བརྟན་དུ་བཏང་བ།
གེགས་ཁུལ་གྱི་འཕྲིན་གཏོང་དང་། གློག་ཤུགས། གནམ་གཤིས་སོགས་འགན་སྲུང་གི་ངེས་མཁོར་དམིགས་ནས་ལས་རིགས་ཁག་གི་འགན་སྲུང་རུ་ཁག་གིས་འཕྲལ་མར་དང་ལེན་དང་གནད་སྨིན་ཤུགས་འདོན་བྱས་ཏེ་ཉེན་སེལ་རྒུད་སྐྱོབ་ཀྱི་རྨང་གཞིའི་འགན་སྲུང་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་ཡོད།
བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱིས་འཕྲལ་མར་རིམ་པ་དང་པོའི་འཕྲལ་སྡོམ་བརྡ་ལན་ལག་ལེན་བསྟར་ནས་འཕྲལ་སྡོམ་སྟོབས་ཤུགས་སྒྲིག་འཛུགས་ཀྱིས་གེགས་ཁུལ་དུ་བསྐྱོད་ཡོད། གློག་འཕྲིན་ཁེ་ལས་ཁག་གིས་འཕྲལ་སྡོམ་དངོས་ཟོག་འཕྲལ་དུ་བཀོད་སྒྲིག་བྱས་ནས་ཉེན་སེལ་རྒུད་སྐྱོབ་བྱས་ཡོད། མིག་སྔའི་བར། ལས་རིགས་ཡོངས་ཀྱི་འཕྲལ་སྡོམ་མྱུར་བཟོའི་མི་སྣ་77དང་། འཕྲལ་སྡོམ་རླངས་འཁོར་45 གློག་འདོན་སྣུམ་འཁོར་18 སྲུང་སྐར་ཁ་པར་36 བཞུ་མཐུད་འཕྲུལ་འཁོར་7 འཕྲལ་སྡོམ་འོད་སྐུད་སྟོང་སྨི་18 འཁྱེར་བདེའི་སྲུང་སྐར་འཕྲལ་སྡོམ་སྒྲིག་ཆས་10བཅས་བཀོད་སྒྲིག་བྱས་ཡོད་པ་རེད།
རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་འཕྲལ་མར་གནོད་འཚེའི་འཕྲལ་སྡོམ་གློག་ཤུགས་འགན་ལེན་གྱི་སྔོན་ཇུས་མགྱོགས་མྱུར་ལག་ལེན་བསྟར་ནས་ཁག་དང་པོར་བཏང་བའི་མྱུར་བཟོའི་མི་སྣ་5དང་། འབྲིང་གནོན་གློག་གཏོང་རླངས་འཁོར་1 འཕྲལ་སྡོམ་གློག་སྒྲོན་ཆུང་གྲས་2བཅས་ཚང་མ་དམིགས་སར་འབྱོར་ནས་ས་གནས་ས་ཐོག་གི་ཉེན་སེལ་ལས་སྒྲུབ་ཀྱི་རྨང་གཞིའི་གློག་སྤྱོད་དང་དེ་བཞིན་མཚན་མོའི་རོགས་སྐྱོབ་གློག་སྒྲོན་ལ་འགན་ལེན་བྱས་ཡོད་པ་རེད།
སྐྱིད་གྲོང་རྫོང་གནམ་གཤིས་ཅུས་ཀྱི་ལས་དོན་མི་སྣ་འཕྲལ་མར་གནོད་འཚེ་ཐོན་ཡུལ་དུ་བསྐྱོད་དེ། འཁྱེར་བདེའི་གནམ་གཤིས་རང་འགུལ་ལྟ་ཞིབ་ཚད་ལེན་སྒྲིག་ཆས་བཙུགས་ནས་དུས་ཐོག་ཏུ་གེགས་ཁུལ་གྱི་གནམ་གཤིས་ཀྱི་གྲངས་གཞི་འཚོལ་བསྡུ་བྱས་པ་དང་། གཞིས་རྩེ་གྲོང་ཁྱེར་གནམ་གཤིས་ཅུས་ཀྱིས་ཕྱོགས་ཡོངས་ནས་འཕྲལ་མར་ལས་དོན་སྤེལ་ཏེ་གནམ་གཤིས་སྔོན་བརྡ་གཏོང་སྤེལ་གནད་སྨིན་བྱས་ནས་ཉེན་སེལ་རྒུད་སྐྱོབ་དང་ཞོར་ཐོན་གནོད་འཚེ་སྔོན་འགོག་ཚོད་འཛིན་ལ་ཚན་རིག་དང་མཐུན་པའི་གནམ་གཤིས་ཀྱི་འདེགས་སྐྱོར་བྱས་པ་རེད།
དངོས་ཟོག་དང་མ་དངུལ་གནད་སྨིན་གཏོང་སྤྲོད་བྱས་ཏེ་མང་ཚོགས་བཀོད་སྒྲིག་འགན་ལེན་གྱི་མཐའ་ཚད་བརྟན་དུ་བཏང་བ།
གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ཏན་ཏིག་བྱེད་པ་དང་ཉེན་སེལ་རྒུད་སྐྱོབ་ལས་དོན་ལ་ནུས་ཕྱོད་ཆེན་པོས་སྐུལ་འདེད་གཏོང་བར་འདེགས་སྐྱོར་བྱ་ཆེད། བོད་རང་སྐྱོང་ལྗོངས་ཀྱི་སྡེ་ཚན་མང་པོས་ཐོགས་མེད་བགྲོད་ལམ་བཏོད་དེ་དངོས་ཟོག་དང་མ་དངུལ་དོན་འཁྱོལ་མགྱོགས་མྱུར་ཐུབ་པར་འགན་ལེན་བྱས་པ་རེད།
རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་འཕྲལ་དུ་རྒུད་སྐྱོབ་དངོས་ཟོག་གཏོང་སྤྲོད་ལམ་སྲོལ་ལག་ལེན་བསྟར་འགོ་བཙུགས་ཤིང་། འཆར་གཞི་ལྟར་ན། སྨི་ངོས་གྲུ་12ཀྱི་སྲིང་བལ་གུར་2000དང་། ཕོ་ཁེབས་3000 ཉལ་ཁྲི་5000 བཞའ་གདན་5000སོགས་རྒུད་སྐྱོབ་དངོས་ཟོག་གཙོ་བོ་གཏོང་འདྲེན་བྱ་རྒྱུ་ཡིན་པ་རེད། ཟླ་8ཚེས་26ཉིན་གྱི་ཆུ་ཚོད་18དང་སྐར་མ་50བར། ཁག་ཐེངས་དང་པོའི་སྲིང་བལ་གུར་450དང་། བཞའ་གདན་5000 ཉལ་ཁྲི་268བཅས་མཛོད་ནས་བཏོན་ཏེ་གཏོང་རྩིས་ཡོད་པ་དང་། ཁག་གཉིས་པའི་སྲིང་བལ་གུར་300གང་མགྱོགས་རླངས་འཁོར་ལ་བླུགས་ནས་། སྔོན་དཔག་ལྟར་ན་ཆུ་ཚོད་10ཡི་ནང་གནོད་འཚེ་ཕོག་ཁུལ་དུ་འབྱོར་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་གི་དགོས་མཁོར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱ་རྒྱུ་རེད།
རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་མ་དངུལ་འགན་སྲུང་གི་ཐོགས་མེད་བགྲོད་ལམ་མགྱོགས་མྱུར་བཏོད་དེ། གཞིས་རྩེ་གྲོང་ཁྱེར་ལ་རང་བྱུང་གནོད་འཚེའི་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར་1.4འཕྲལ་མར་སྔ་རྟིང་བཏང་ཞིང་། དེའི་ནང་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར་1.2དང་རང་སྐྱོང་ལྗོངས་ཀྱིས་སྔ་རྟིང་བཏང་བའི་མ་དངུལ་སྒོར་ཁྲི་2000ཚུད་ཡོད་པ་དང་། དེས་ཉེན་སེལ་རོགས་སྐྱོབ་དང་། གནོད་འཚེའི་གནས་ཚུལ་ཐག་གཅོད། མང་ཚོགས་བཀོད་སྒྲིག་བཅས་ལ་མ་དངུལ་གྱི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་ཡོད། རྒྱལ་ཁབ་དངུལ་མཛོད་བོད་རང་སྐྱོང་ལྗོངས་ཡན་ལག་མཛོད་ཁང་གིས་དུས་གཅིག་ཏུ་རིམ་པ་གསུམ་པའི་རྒྱལ་མཛོད་འཕྲལ་སྡོམ་ལམ་སྲོལ་ལག་ལེན་བསྟར་འགོ་བཙུགས་ཤིང་། ནོར་སྲིད་དང་། རྒྱལ་མཛོད། དངུལ་ཁང་བཅས་ཀྱི་མཉམ་སྒྲུབ་ལས་ཀའི་ལམ་སྲོལ་བཙུགས་ནས། ཆུ་ཚོད་7×24ཡི“འཕྲལ་ཐོན་དང་། འཕྲལ་བཤེར། འཕྲལ་སྒྲུབ”བཅས་ཀྱི་གཏོང་སྤྲོད་བྱེད་སྟངས་སྤྱད་ཡོད། ཟླ་8ཚེས་26ཉིན་གྱི་ཆུ་ཚོད་20པའི་བར། རིམ་རྩིས་བརྒྱབ་ན་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར་30གཞིས་རྩེའི་གྲོང་ཁྱེར་རིམ་པའི་རྒྱལ་མཛོད་ལ་གཏོང་སྤྲོད་བྱས་པ་དང་། སྒོར་དུང་ཕྱུར་6སྐྱིད་གྲོང་རྫོང་རྫོང་རིམ་པའི་རྒྱལ་མཛོད་ལ་གཏོང་སྤྲོད་བྱས་ནས། རྒུད་སྐྱོབ་མ་དངུལ་མགྱོགས་མྱུར་འཐབ་ས་དང་པོར་ཐད་ཀར་འབྱོར་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།
ཕྱོགས་ཁག་མཉམ་འགུལ་གྱིས་འཕྲལ་མར་རོགས་སྐྱོབ་བྱས་ནས་རྒུད་སྐྱོབ་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ།
ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ཚེ་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་རམ་བྱས་ཤིང་། ལྗོངས་ཡོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་གནས་ཚུལ་ཐོས་འཕྲལ་བྱ་སྤྱོད་སྤེལ་ཏེ། རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ནུས་ཤུགས་ཡོད་རྒུས་གནོད་འཚེ་ཕོག་ཁུལ་ལ་རོགས་སྐྱོར་བྱས་ཏེ། ཉེན་སེལ་རྒུད་སྐྱོབ་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་། བོད་རང་སྐྱོང་ལྗོངས་ཕྱི་དོན་གཞུང་ལས་ཁང་གིས་ཕྱི་འབྲེལ་གྱི་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་དང་ལེན་ལམ་སྲོལ་མགྱོགས་མྱུར་ལག་ལེན་བསྟར་འགོ་བཙུགས་པ་དང་ལས་དོན་ཆེད་སྒྲུབ་ཚོགས་ཆུང་མགྱོགས་མྱུར་བཙུགས་ཏེ། འཕྲལ་མར་འཕྲལ་སྡོམ་དང་ལེན་དང་གནས་ཚུལ་གྲལ་བཤེར་བྱས་པ་རེད། ཕྱི་ནང་མཉམ་འགུལ་མཐའ་འཁྱོངས་ཀྱིས་ཕྱི་འབྲེལ་པུའི་ཨེ་ཤེ་ཡ་སི་དང་ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་དེ་བཞིན་ནེ་པ་ལ་ཕྱོགས་དང་འབྲེལ་མཐུད་ཐབས་ལམ་བཏོད་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་འཕྲལ་སྡོམ་དང་ལེན་དང་། ཁག་བགོས་བཀོད་སྒྲིག གཞུང་ཚབ་སྲུང་སྐྱོང་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་སྤྱི་འདོམས་བྱས་པ་རེད། འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཀྱིས་འཕྲལ་སྡོམ་ཐག་གཅོད་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ལས་ཀའི་མཉམ་ཤུགས་ཧུར་ཐག་ཆགས་པར་བྱས་པ་རེད།
ཟླ་8ཚེས་26ཉིན་གྱི་ཆུ་ཚོད་15པར། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ལ་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་སྨན་བཅོས་འཕྲལ་སྡོམ་ལས་དོན་གྱི་ཛ་དྲག་བཀོད་གཏོང་བཀའ་རྒྱ་འབྱོར་བ་རེད། སྨན་ཁང་དེས་འཕྲལ་སྡོམ་སྨན་བཅོས་རོགས་སྐྱོབ་སྔོན་ཇུས་འཕྲལ་མར་ལག་ལེན་བསྟར་འགོ་བཙུགས་ཏེ། དོས་དྲག་ཚན་ཁག་དང་རུས་ནད་ཚན་ཁག་གི་རྐང་འཛིན་སྨན་དོན་པ་འཕྲལ་མར་འཐེན་ནས་རོགས་སྐྱོབ་སྔོན་སྐྱོད་ཡན་ལག་རུ་ཆུང་བཙུགས་པ་མ་ཟད། མྱུར་སྐྱོབ་སྨན་རྫས་དང་སྐྱོབ་བཅོས་སྒྲིག་ཆས་སོགས་འཕྲལ་སྡོམ་དངོས་ཟོག་བཀོད་སྒྲིག་བྱས་པ་དང་། མཚན་མོ་དེ་རང་ལ་གནོད་འཚེ་ཐོན་ཡུལ་དུ་བསྐྱོད་དེ་རྨས་མ་སྐྱོབ་བཅོས་དང་སྨན་བཅོས་འགན་ལེན་སོགས་ཀྱི་རོགས་སྐྱོབ་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བ་རེད། མིག་སྔར། སྨན་ཁང་དེས་རྗེས་མཐུད་རོགས་སྣོན་སྨན་བཅོས་དཔུང་ཁག་འདུ་འཛོམས་ཀྱི་བཀའ་སྒུག་གྲ་སྒྲིག་ཟིན་པ་དང་། མི་སྣ་དང་། དངོས་ཟོག སྒྲིག་ཆས་བཅས་ཚང་མ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། བཀོད་གཏོང་དང་ལེན་ཞུ་ཆོག་ཆོག་དང་འཐབ་ས་དང་པོར་རོགས་སྐྱོར་བྱེད་པར་སྐྱོད་ཆོག་ཆོག་བྱས་ཏེ། ཆེད་ལས་སྨན་བཅོས་སྟོབས་ཤུགས་ལ་བརྟེན་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་པ་རེད།
ལྷོ་ཁ་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་མི་40ཡོད་པའི་སྐབས་བསྟུན་རུ་ཆེན་ཞིག་མངགས་ཤིང་། རླངས་འཁོར་9དང་། སྒྲིག་ཆས་དང་ཡོ་བྱད་150ལྷག་ཙམ་བཏང་བ་དང་། མེ་གསོད་རོགས་སྐྱོབ་པ་53དང་རླངས་འཁོར་10བཏང་བ། རྒུད་སྐྱོབ་ཕོ་ཁེབས་5000བཀོད་སྒྲིག་བྱས་པ་དག་ས་གནས་ས་ཐོག་ཏུ་འཕྲལ་མར་དབོར་བཞིན་ཡོད། ལྷོ་ཁ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱིས་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ཏེ་རོགས་སྐྱོབ་དངོས་ཟོག་ཁག་དང་པོ་སྐྱིད་གྲོང་འགག་སྒོའི་གནོད་འཚེ་ཕོག་ཁུལ་དུ་དབོར་བཞིན་ཡོད།
གནོད་འཚེའི་མདུན་དུ་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཀུན་སེམས་གཅིག་སྒྲིལ་དང་ཕྱོགས་ཁག་གི་སྟོབས་ཤུགས་རོགས་སྐྱོར་བྱེད་པར་རྒྱུན་མཐུད་མངགས་ཏེ། ཐབས་བརྒྱ་ཇུས་སྟོང་ངང་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་དང་། ཉེན་ཁ་འཕྲད་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག དུས་ཚོད་དམ་འཛིན་གྱིས་རྨས་མ་སྐྱོབ་བཅོས། གནོད་འཚེ་དང་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར། ཉེན་ཁའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བ། ཉེན་སེལ་རྒུད་སྐྱོབ་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།