བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་པར་རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་དང་འཕྲལ་སྡོམ་དོ་དམ་པུས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གེགས་སེལ་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་པ།
ཟླ་8ཚེས་26ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཙམ་ལ། ནེ་པ་ལའི་ཕྱོགས་སུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་ཐོན་ཡོད་པ་རེད།
གནོད་འཚེ་ཐོན་རྗེས། འཕྲལ་སྡོམ་དོ་དམ་པུས་འཕྲལ་དུ་རོགས་སྐྱོབ་ཐག་གཅོད་ལས་དོན་བཀོད་སྒྲིག་བྱས་ཏེ་ལས་དོན་ཚོགས་ཆུང་ས་ཡུལ་དངོས་སུ་གཞོགས་འདེགས་བྱེད་པར་མངགས་པ་དང་། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་ལས་དོན་མི་སྣ་249དང་དེ་བཞིན་ཀྲུང་གོ་ཨན་ནེང་དང་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་སོགས་ལས་གྲྭ་སྣ་ཚོགས་ཀྱི་རོགས་སྐྱོབ་སྟོབས་ཤུགས་མི་སྣ་325སྒྲིག་ཆས་ཁྱེར་ནས་ས་ཡུལ་དངོས་སུ་རོགས་སྐྱོབ་བྱེད་པར་མངགས་པ། “ཤིང་ལི་ཐུང”གི་འཕྲིན་གཏོང་འགན་སྲུང་དང་“ཁབ་ལེན་འཚོལ་ཞིབ”ཀྱི་མཁའ་འགྲུལ་ཁབ་ལེན་འཚོལ་ཞིབ་སོགས་སྒྲིག་ཆས་གེགས་ཁུལ་དུ་བཏང་ནས་ས་ཡུལ་དངོས་ཀྱི་འཕྲིན་གཏོང་འགན་སྲུང་དང་ཉེན་སེལ་རོགས་སྐྱོབ་སོགས་ལ་ལག་རྩལ་གྱི་འདེགས་སྐྱོར་བྱས་པ་རེད། རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་དང་འཕྲལ་སྡོམ་དོ་དམ་པུས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གེགས་སེལ་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་ནས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མཉམ་དུ་གུར་དང་། ལྕགས་ཐབ། གྱོན་གོས་དང་ཉལ་ཆས། ཉལ་ཁྲི། བཞའ་འགོག་གདན་སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི་3སྤྲད་དེ་མང་ཚོགས་གནས་སྤོ་བཀོད་སྒྲིག་དང་གེགས་སེལ་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཟླ་8ཚེས་26ཉིན་ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེཌ་སེལ་མ་དངུལ་སྒོར་དུང་ཕྱུར་1.2འཕྲལ་མར་སྔོན་ལ་གཤམ་སྤྲོད་བྱས་ཏེ། བོད་ཀྱིས་སྐྱིད་གྲོང་འདམ་རྡོའི་ཆུ་རུད་ཀྱི་འཕྲལ་སྡོམ་ཉེན་སེལ་རོགས་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་སྐྱོབ་བྱེད་པའི་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་པ་དང་། མི་སྣ་འཚོལ་སྐྱོབ་དང་། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག ཉེན་ཁ་སེལ་བ་སོགས་ཀྱི་འཕྲལ་སྡོམ་ཐག་གཅོད་དང་། དེ་བཞིན་གཏོར་སྐྱོན་ཕོག་པའི་མང་ཚོགས་ཀྱི་སྡོད་ཁང་ཉམས་གསོ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་གནོད་འཚེའི་གྱོང་གུན་དང་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།