དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཚེ་སྲོག་གོང་དུ་བཀུར་བ་དང་བཀའ་འབྱོར་འཕྲལ་སྒྲུབ་ཀྱིས་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་ཅི་ཐུབ་བྱས་པ།

    —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་ཕྱོགས་ཁག་གིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་བོད་ལྗོངས་སྐྱིད་གྲོང་རྫོང་གི་འདམ་རྡོའི་ཆུ་རུད་ཀྱི་ཉེན་སེལ་རོགས་སྐྱོབ་ལས་དོན་སྤེལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།   |     སྤེལ་དུས།  2026-08-27

    ཟླ་8ཚེས་26ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཙམ་ལ། ནེ་པ་ལའི་ཕྱོགས་སུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་ཐོན་ཡོད་པ་རེད། ཉིན་དེའི་ཆུ་ཚོད་20བར་ཞིབ་བཤེར་དང་བསྡོམས་རྩིས་རགས་ཙམ་བྱས་པ་བརྒྱུད། མི་3རྐྱེན་ལམ་དུ་ཤོར་བ་དང་མི་265དང་འབྲེལ་བ་ཆད་ཅིང་། མི་སྣ་ཤི་རྨས་ཀྱི་ཞིབ་ཕྲའི་མི་གྲངས་ད་དུང་སྔར་བས་ཞིབ་རྩིས་རྒྱག་བཞིན་ཡོད་པ་རེད།

    གནོད་འཚེ་ཐོན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་དང་མཛུབ་སྟོན་གལ་ཆེན་གནང་ཞིང་། “ཐབས་ཤེས་ཡོད་རྒུས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་དང་། ཉེན་གྱར་མང་ཚོགས་གནས་སྤོ་བཀོད་སྒྲིག དུས་ཚོད་དམ་འཛིན་གྱིས་རྨས་མ་སྐྱོབ་བཅོས་བཅས་བྱས་ཏེ། མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་ཅི་ཐུབ་བྱེད་དགོས་པ”དང“ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་བརྒྱབ་ནས་ཚན་རིག་དང་མཐུན་པའི་མྱུར་སྐྱོབ་ལ་སྣང་ཆེན་བྱས་ཏེ། ཞོར་ཐོན་གནོད་འཚེ་མ་བྱུང་སྔོན་འགོག་བྱེད་དགོས་པའི”བླང་བྱ་བཏོན་གནང་བ་རེད།

    གནོད་འཚེ་ཚབས་ཆེན་ཐོན། གདུང་སེམས་མཉམ་སྐྱེ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གཞིར་བཟུང་། ད་ཐེངས་ཀྱི་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་རོགས་སྐྱོབ་ལས་དོན་ནང་ཕྱོགས་ཁག་གིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཉེན་སེལ་རྒུད་སྐྱོབ་དང་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ་རེད།

    བོད་རང་སྐྱོང་ལྗོངས་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་ཀྱི་རང་བྱུང་གནོད་འཚེའི་རིམ་པ་དང་པོའི་རོགས་སྐྱོབ་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་པ་དང་། གཞིས་རྩེ་གྲོང་ཁྱེར་འཕྲལ་སྡོམ་བཀོད་འདོམས་པུའི་གཞུང་ལས་ཁང་གིས་གཞིས་རྩེ་གྲོང་ཁྱེར་གྱི་རང་བྱུང་གནོད་འཚེའི་རོགས་སྐྱོབ་ཀྱི་རིམ་པ་དང་པོའི་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་པ་རེད།

    བོད་རང་སྐྱོང་ལྗོངས་ནོར་སྲིད་སྡེ་ཚན་གྱིས་དུས་ཐོག་ཏུ་རམ་འདེགས་བྱས་ཏེ་རང་བྱུང་གནོད་འཚེའི་རྒུད་སྐྱོབ་མ་དངུལ་གཏོང་སྤྲོད་དང་བེད་སྤྱོད་ཀྱིས་མ་དངུལ་འགན་ལེན་གྱི་ཐོགས་མེད་བགྲོད་ལམ་མགྱོགས་མྱུར་བསྐྲུན་ནས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར་1.2འཕྲལ་དུ་གཏོང་སྤྲོད་བྱས་པ་མ་ཟད་དེའི་ཐོག་རང་སྐྱོང་ལྗོངས་ཀྱིས་སྔ་རྟིང་དུ་བཏང་བའི་སྒོར་ཁྲི་2000བསྣན་ན། ཚེས་26ཉིན་གྱི་ཆུ་ཚོད་19བར། རང་བྱུང་གནོད་འཚེའི་རྒུད་སྐྱོབ་མ་དངུལ་ཁྱོན་སྒོར་དུང་ཕྱུར་1.4ཟིན་ནས་ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།

    བཀའ་འབྱོར་མ་ཐག་དམག་ཧྲག་འཐབ་ས་དང་པོར་བཏང་བ།

    བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གིས་འཕྲལ་མ་ཉིད་དུ་རླངས་འཁོར་152དང་མི་792མདུན་ཕྱོགས་སུ་བཏང་བའི་ནང་བོད་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་རླངས་འཁོར་72བཏང་བ་དང་མེ་གསོད་རོགས་སྐྱོབ་མི་སྣ་431གིས་རྫི་ཁྱི་དང་། གསོན་པོ་འཚོལ་ཆས། གདོང་མཆོང་གྲུ་གཟིངས་སོགས་རོགས་སྐྱོབ་སྒྲིག་ཆས་ཁྱེར་ནས་ས་ཡུལ་དངོས་སུ་བསྐྱོད་དེ་ནུས་ཤུགས་ཡོད་རྒུས་འཕྲལ་སྡོམ་རོགས་སྐྱོབ་དང་ཡུལ་དངོས་སུ་གནད་དོན་ཐག་གཅོད་སོགས་ཀྱི་ལས་དོན་སྤེལ་བ་རེད།

    བོད་དམག་ཁུལ་ཁང་གིས་མདུན་ཕྱོགས་བཀོད་འདོམས་ཚོགས་ཆུང་ས་ཡུལ་དངོས་སུ་མངགས་པ་དང་འབྲེལ་འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་འཕྲལ་དུ་བཏང་ཞིང་། བོད་ལྗོངས་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གི་འོས་གྲབས་དཔུང་ཁག་གཉིས་པའི་མི་སྣ་130ལྷག་ཙམ་དང་ལས་གྲྭའི་འཕྲུལ་ཆས་རྡོག་ཐོན་གྱི་གྲ་སྒྲིག་ཟིན་པ། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གཞིས་རྩེ་ཉིང་ལག་རུ་ཁག་གི་དཔོན་དམག་140ལྷག་ཙམ་གྱིས་ཆེད་ལས་རྒུད་སྐྱོབ་སྒྲིག་ཆས་ཁྱེར་ནས་ཉེན་སེལ་རྒུད་སྐྱོབ་ཀྱི་འཐབ་ས་དང་པོར་བསྐྱོད་པ་རེད།

    ཐབས་བརྒྱ་ཇུས་སྟོང་གིས་འགྲོ་ལམ་བཤངས་ཤིང་། སྤྱི་བདེ་དང་མེ་གསོད་སོགས་སྡེ་ཚན་གྱི་སྔོན་སྐྱོད་དཔུང་སྡེས་འཕྲུལ་ཆས་ཆེ་གྲས་ལ་བརྟེན་ནས་མདུན་ཕྱོགས་སུ་ལམ་གཤོང་བཞིན་འཕྲིན་གཏོང་གི་བརྡ་རྟགས་དུས་གཅིག་ཏུ་སླར་གསོ་བྱེད་བཞིན་ཡོད།

    དཀའ་ཚེགས་ཇི་ཙམ་ཆེ་ཡང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་མདུན་སྐྱོད་བྱས་པ།

    བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱིས་རླངས་འཁོར་15དང་མི་སྣ་52བཏང་ནས་འོད་སྐུད་དང་། སྲུང་སྐར་ཁ་པར། གློག་སྐུད་སྦྲེལ་མཐུད་འཕྲུལ་འཁོར་སོགས་རོགས་སྐྱོབ་སྒྲིག་ཆས་ཁྱེར་ཏེ་ས་ཡུལ་དངོས་ཀྱི་འོད་སྐུད་ཀྱི་གློག་སྐུད་ཨ་མ་དང་ལྟེ་བའི་འཕྲུལ་ཁང་སོགས་འཕྲིན་གཏོང་སྒྲིག་ཆས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་རེད།

    གནོད་འཚེ་ནི་བཀའ་རྒྱ་ཡིན། ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་མྱུར་དུ་བཀའ་རྒྱ་དང་ལེན་བྱས་ཏེ་གནོད་འཚེ་ཐོན་ཡུལ་དུ་འཛོམས་པ།

    ——རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་རྒུད་སྐྱོབ་ཨུ་ཡོན་ལྷན་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རྒུད་སྐྱོབ་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་ནས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མཉམ་དུ་བོད་ལ་གུར་དང་། ལྕགས་ཐབ། གྱོན་ཆས། ཉལ་ཆས། ཉལ་ཁྲི། བཞའ་གདན་སོགས་ཀྲུང་དབྱང་གི་རྒུད་སྐྱོབ་དངོས་ཟོག་ཁྲི་3སྤྲད་པ་རེད།

    ——འཕྲལ་སྡོམ་དོ་དམ་པུས་རོགས་སྐྱོབ་ཐག་གཅོད་ལས་དོན་བཀོད་གཏོང་དང་བཀོད་སྒྲིག་བྱས་ཏེ། རྒྱལ་ཁབ་ས་གཤིས་གནོད་འཚེའི་རིམ་པ་གཉིས་པའི་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་ནས་ལས་དོན་ཚོགས་ཆུང་ས་ཡུལ་དངོས་སུ་ཉེན་སེལ་རོགས་སྐྱོབ་ལ་མཛུབ་ཁྲིད་བྱེད་པར་བཏང་སྟེ། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་རོགས་སྐྱོབ་དཔུང་ཁག་གི་རླངས་འཁོར་113དང་མི་601བཏང་ནས་རོགས་སྐྱོབ་སྒྲིག་ཆས་ཁྱེར་ཏེ་ས་ཡུལ་དངོས་སུ་རོགས་སྐྱོབ་དང་ཐག་གཅོད་བྱེད་པར་བསྐྱོད་པ་རེད། ཀྲུང་གོ་ཨན་ནེང་དང་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་སོགས་ལས་གྲྭའི་རོགས་སྐྱོབ་སྟོབས་ཤུགས་སྣ་ཚོགས་ཀྱི་མི་སྣ་325ཡིས་སྒྲིག་ཆས་ཁྱེར་ནས་ས་ཡུལ་དངོས་སུ་རོགས་སྐྱོབ་བྱེད་པར་བསྐྱོད་དེ་ས་ཡུལ་དངོས་ཀྱི་འཕྲིན་གཏོང་འགན་ལེན་དང་ཉེན་སེལ་རོགས་སྐྱོབ་སོགས་ཐད་ལག་རྩལ་གྱི་འདེགས་སྐྱོར་བྱས་པ་རེད།

    ——ཆུ་བེད་པུས་ཆར་ཞོད་དང་ཐན་སྐྱོན་གནོད་འཚེ་ཚབས་ཆེན་གྱི་དོན་རྐྱེན་བཀོད་གཏོང་བཀོད་འདོམས་ལམ་སྲོལ་ལག་ལེན་བསྟར་ནས་ཆེད་དོན་གྲོས་མོལ་འཚོགས་ཏེ་སྐྱིད་གྲོང་དང་དེའི་མཐའ་འཁོར་ས་ཁོངས་ཀྱི་ཆར་ཆུའི་གནས་ཚུལ་དང་འཁྱགས་རོམ་དང་འཁྱགས་མཚེའུ་ཡི་རྒྱ་ཁྱོན་གྱི་འགྱུར་ལྡོག་ལ་དབྱེ་ཞིབ་བྱས་པ་དང་། འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་འབྱུང་རྐྱེན་ལ་དབྱེ་ཞིབ་བྱས་པ། གནོད་འཚེ་ཕོག་ཁུལ་སྨད་རྒྱུད་ཀྱི་མི་འབོར་ཁྱབ་ཚུལ་དང་འབྲེལ་ཡོད་ས་ཁོངས་ཀྱི་མངོན་མེད་ཉེན་ཁ་དང་རྐྱེན་ངན་ལ་ཞིབ་འཇུག་དང་བརྡར་ཤ་བཅད་པ་རེད།

    ——རང་བྱུང་ཐོན་ཁུངས་པུས་ས་གཤིས་གནོད་འཚེ་འགོག་པའི་རིམ་པ་གཉིས་པའི་དང་ལེན་བྱེད་འགོ་བཙུགས་ཏེ་རིགས་གཅིག་མཁས་ཅན་15ལས་གྲུབ་པའི་ལས་དོན་ཚོགས་ཆུང་ས་གནས་ས་ཐོག་ཏུ་ཉེན་སེལ་རོགས་སྐྱོབ་དང་ཞོར་ཐོན་གྱི་ས་གཤིས་གནོད་འཚེ་འགོག་ཟོན་སོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པར་མངགས་པ་རེད།

    ——ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར་1.2མགྱོགས་མྱུར་བཏང་ནས་བོད་ལྗོངས་ཀྱིས་སྐྱིད་གྲོང་གི་འདམ་རྡོའི་ཆུ་རུད་ཀྱི་འཕྲལ་སྡོམ་ཉེན་སེལ་རོགས་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་སྐྱོབ་བྱེད་པའི་ལས་དོན་སྤེལ་བ་དང་། གཙོ་གནད་ཐོག་མི་སྣ་འཚོལ་སྐྱོབ་དང་། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག ཉེན་ཁ་སེལ་བ་སོགས་ཀྱི་འཕྲལ་སྡོམ་ཐག་གཅོད་དང་དེ་བཞིན་མང་ཚོགས་ཀྱི་སྡོད་ཁང་བརྡིབས་པ་དང་གཏོར་སྐྱོན་ཕོག་པ་ཉམས་གསོ་སོགས་ཡག་པོ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་རེད།

    ——རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་1བཀོད་སྒྲིག་བྱས་ནས་གེགས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་སོགས་གེགས་རྗེས་ཀྱི་འཕྲལ་སྡོམ་དང་། སླར་གསོ། འཛུགས་སྐྲུན་བཅས་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད།

    ——ཀྲུང་གོ་གློག་འཕྲིན་དང་། ཀྲུང་གོ་སྒུལ་འཕྲིན། ཀྲུང་གོ་ལན་ཐུང་སོགས་ཀྱིས་འཕྲལ་སྡོམ་དང་ལེན་གྱི་ལམ་སྲོལ་ལག་ལེན་བསྟར་ནས། མི་སྣ་སྒྲིག་འཛུགས་དང་དངོས་ཟོག་བསྡུ་རུབ་བྱས་ཏེ་གེགས་ཁུལ་དུ་བསྐྱོད་དེ་ཉེན་སེལ་རོགས་སྐྱོབ་བྱེད་རིང་འཕྲིན་གཏོང་ཤར་གཏོང་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།

    ——ཀྲུང་གོ་བཟོ་ལས་དངུལ་ཁང་དང་། ཀྲུང་གོ་ཞིང་ལས་དངུལ་ཁང་། ཀྲུང་གོ་དངུལ་ཁང་། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་བཅས་གཞུང་ཁོངས་ཚོང་ལས་དངུལ་ཁང་ཆེ་གྲས་བཞིས་མགྱོགས་མྱུར་ལས་འགན་དང་ལེན་བྱས་ཏེ་སྐྱིད་གྲོང་གི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེའི་འཕྲལ་སྡོམ་དངུལ་རྩའི་ཞབས་ཞུ་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་གེགས་ཁུལ་དུ་དངུལ་རྩའི་ཞབས་ཞུ་སྒྲུབ་མཚམས་མི་ཆད་པའི་འགན་ལེན་བྱས་པ་རེད།

    ཆུ་རུད་ཀྱིས་ཐོག་མའི་བསམ་འདུན་ལ་ཞུན་བརྡར་སྤྲས། ཉེན་ཁའི་མདུན་དུ་འགན་འཁྲི་འཁུར་སེམས་མངོན།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནང‘མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི’བླ་ན་མེད་པའི་འདུ་ཤེས་དང་མི་དམངས་ལ་བརྩེ་སེམས་ཟབ་མོ་འཆང་བ་མངོན་ཡོད། འདི་ནི་མི་དམངས་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་རྩ་བའི་གཞི་འཛིན་ས་ཞིག་རེད་ལ། ཕྱོགས་ཁག་ལ་མཐུན་སྦྱོར་ཁ་གཏད་གཅོག་པ་དང་ནུས་ཤུགས་ཡོད་རྒུས་ཉེན་སེལ་རྒུད་སྐྱོབ་ཀྱི་སྐུལ་སློང་བཀའ་རྒྱ་བཏང་བ་ཞིག་ཀྱང་རེད”ཅེས་འཕྲལ་སྡོམ་དོ་དམ་པུའི་རྒུད་སྐྱོབ་དང་དངོས་ཟོག་འགན་ལེན་སིའི་སི་ཀྲང་ཁྲེན་ཧྲེང་གིས་བརྗོད།

    ད་ལོ་འབྲུབ་ཆུ་རྒྱས་ཚུན། རང་རྒྱལ་གྱི་ས་ཆ་མང་པོར་གནམ་གཤིས་ངན་པ་བསྟན་ནས་འབྲུབ་འགོག་གི་དུས་བབ་ཛ་དྲག་ལ་རྙོག་འཛིང་ཆེ་བ་ཞིག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུབ་འགོག་ཞོད་འགོག་གི་རྒུད་སྐྱོབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཆར་ཞོད་དང་ཐན་སྐྱོན་སྔོན་འགོག་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་མ་ཟད། ཀོང་ཤིས་དང་། ཧུའུ་པེ། ཀན་སུའུ་སོགས་ལ་ཐོན་པའི་གནོད་འཚེར་དམིགས་ནས་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་ལས་མི་དམངས་ལ་བརྩེ་སེམས་ཟབ་མོ་འཆང་ལུགས་མངོན་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མིག་སྔར་འབྲུབ་འགོག་གི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་མཐར་ཟད་བསམ་གཞིག་དང་མཐའ་ཚད་བསམ་གཞིག་མཐའ་འཁྱོངས་ཀྱིས་འབྲུབ་འགོག་དང་མཚོ་ལྷགས་སྔོན་འགོག་གི་བྱེད་ཐབས་ཁག་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ། གནོད་འཚེ་དང་ལས་འཛོལ་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་ཐོན་རྒྱུར་དོགས་ཟོན་མཐའ་གཅིག་ཏུ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འབྲུབ་འགོག་རྒུད་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ནན་པོ་འཁུར་བ། མཐར་ཟད་བསམ་གཞིག་དང་མཐའ་ཚད་བསམ་གཞིག་བརྟན་པོ་འཛུགས་པ། བྱ་ཐབས་ཁག་ལ་དམ་འཛིན་ཏན་ཏིག་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།