ཝང་ཅུན་ཀྲེང་འཕྲལ་མ་ཉིད་དུ་གནོད་འཚེ་ཕོག་ཁུལ་ལ་ཕེབས་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ལ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་པར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཝང་ཅུན་ཀྲེང་འཕྲལ་མར་གནོད་འཚེ་ཕོག་ཁུལ་དུ་ཕེབས་ནས་རོགས་སྐྱོབ་ལས་དོན་ལ་བཀོད་འདོམས་གནང་བ།
ཟླ་8ཚེས་26ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཙམ་ལ་ནེ་པ་ལའི་ཕྱོགས་སུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་ནས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་ཚབས་ཆེན་དང་འབྲེལ་བ་ཆད་ཡོད་པ་རེད། གནོད་འཚེ་ཐོན་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་ཡང་གནང་ནས་མིག་སྔའི་ཁ་ཚ་དགོས་གཏུགས་ནི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་དང་། ཉེན་གྱར་མང་ཚོགས་གནས་སྤོ་བཀོད་སྒྲིག དུས་ཚོད་དམ་འཛིན་གྱིས་རྨས་མ་སྐྱོབ་བཅོས་བཅས་བྱས་ནས་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་ཅི་ཐུབ་བྱེད་དགོས། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཚན་རིག་དང་མཐུན་པའི་སྒོ་ནས་མྱུར་སྐྱོབ་ལ་སྣང་ཆེན་བྱས་ཏེ་ཞོར་ཐོན་གནོད་འཚེ་བཀག་འགོག་བྱེད་དགོས།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་འཕྲལ་མར་ས་ཡུལ་དངོས་སུ་ཕེབས་ཏེ་རོགས་སྐྱོབ་ལས་དོན་ལ་བཀོད་འདོམས་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས། འབྲེལ་ཆད་མི་སྣ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ། གནོད་འཚེ་ཕོག་པའི་མང་ཚོགས་དུས་ཐོག་ཏུ་གནས་སྤོ་བཀོད་སྒྲིག་ཡག་པོ། དུས་ཚོད་དམ་འཛིན་གྱིས་གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་མྱུར་བཟོ་བཅས་བྱས་ནས་གནོད་འཚེ་ཕོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བ་གང་མགྱོགས་སླར་གསོ་ཐུབ་པ་བྱེད་དགོས། དེ་བཞིན་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་སྔར་བས་ཤུགས་སྣོན་དང་། འགོག་ཟོན་དང་ཁ་གཏད་གཅོག་ཤུགས་ཆེ་རུ་གཏོང་བ། ཞོར་ཐོན་གནོད་འཚེ་བཀག་འགོག་བཅས་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་འགན་ལེན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།