ཞི་ཅིན་ཕིང་གིས་སྐྱིད་གྲོང་གི་ཆུ་རུད་གནོད་འཚེར་མཛུབ་སྟོན་གནང་བ།
ཞི་ཅིན་ཕིང་གིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ལ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་པར་མཛུབ་སྟོན་གལ་ཆེན་གནང་ནས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་དང་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ།
ཟླ་8ཚེས་26ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཙམ་ལ་ནེ་པ་ལའི་ཕྱོགས་སུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོའི་མི་སྣ་ཤི་རྨས་ཚབས་ཆེན་དང་འབྲེལ་བ་ཆད་ཡོད་པ་རེད།
གནོད་འཚེ་ཐོན་རྗེས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཁ་ཚ་དགོས་གཏུགས་ནི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་དང་། ཉེན་གྱར་མང་ཚོགས་གནས་སྤོ་བཀོད་སྒྲིག དུས་ཚོད་དམ་འཛིན་གྱིས་རྨས་མ་སྐྱོབ་བཅོས་བཅས་བྱས་ཏེ་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་ཅི་ཐུབ་བྱེད་དགོས། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཚན་རིག་དང་མཐུན་པའི་སྒོ་ནས་མྱུར་སྐྱོབ་ལ་སྣང་ཆེན་བྱས་ཏེ་ཞོར་ཐོན་གནོད་འཚེ་བཀག་འགོག་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔ་ནི་འབྲུབ་འགོག་གི་འགག་རྩའི་དུས་ཡིན་པས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་མཐར་ཟད་ཀྱི་བསམ་གཞིག་དང་མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་ཀྱིས་འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་འགོག་པའི་བྱེད་ཐབས་ཁག་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ། གནོད་འཚེ་དང་ལས་འཛོལ་ཚབས་ཆེན་ལ་འགོག་ཟོན་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་འབྲེལ་ཆད་དང་གནོད་འཚེ་ཕོག་པའི་མི་གྲངས་དུས་ཚོད་དམ་འཛིན་གྱིས་བསྐྱར་བཤེར་གསལ་པོ་བྱེད་པ་དང་། སྟོབས་ཤུགས་སྒྲིག་འཛུགས་ཀྱིས་ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་བྱེད་པ། དུས་ཐོག་དང་གོ་རིམ་ལྡན་པའི་ངང་གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བྱེད་པ་དང་ཆབས་ཅིག་ཚན་རིག་དང་མཐུན་པའི་ངང་མྱུར་སྐྱོབ་བྱ་རྒྱུར་དོ་སྣང་བྱས་ཏེ་ཞོར་ཐོན་གནོད་འཚེ་བཀག་འགོག་བྱེད་དགོས། ཕྱི་འབྲེལ་པུས་འབྲེལ་ཡོད་རྒྱལ་ཁབ་དང་འབྲེལ་གཏུག་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་གནས་ཚུལ་བརྡ་ཁྱབ་བཏང་སྟེ་ཐུན་མོང་ཐོག་རོགས་སྐྱོབ་བཀོད་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས། མིག་སྔར་སྔར་བཞིན་འབྲུབ་དུས་ཡིན་པས་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་གཞུང་དོན་ཁང་དང་གནོད་འཚེ་ཉུང་གཏོང་དང་གེགས་སེལ་གཞུང་དོན་ཁང་གིས་ས་གནས་ཁག་ལ་གནོད་འཚེའི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱེད་པ་དང་ཉེན་ཁའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་དང་ཉེན་གཡོལ་བྱེད་པར་མཛུབ་ཁྲིད་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་བྱེད་དགོས།
ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཆང་གི་བླང་བྱ་གཞིར་བཟུང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་ས་ཡུལ་དངོས་སུ་རོགས་སྐྱོབ་བཀོད་སྒྲིག་ལས་དོན་ལ་མཛུབ་ཁྲིད་གནང་བར་ཕེབས་བཞིན་ཡོད་པ་རེད། བོད་ཀྱིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ཡུལ་དངོས་ཀྱི་འཚོལ་སྐྱོབ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་བཞིན་ཡོད་པ་དང་མིག་སྔར་འབྲེལ་ཡོད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།