ཡུས་རུང་ཤན་གྱིས་ཐབས་དང་བློ་གྲོས་ལ་བརྟེན་ནས་གྲི་ཐོགས་པའི་གཏུམ་སྤྱོད་པ་ཞིག་བཏུལ་རོགས་བྱས་པ།
ཉོ་སྐྱེལ་བ་འདིའི་དཔའ་བློ་ཁོག་ལ་དྲ་གྲོགས་ཀུན་གྱིས་བསྟོད་པའི་མཐེ་བོང་བསྒྲེངས།

འདི་ནི་ཡུས་རུང་ཤན་གྱིས་སྐྱེས་སྐར་གྱི་སྒོ་ངའི་བག་ལེབ་འཁྱེར་ནས་དྲན་རྟེན་པར་རྒྱག་བཞིན་པ།
ལམ་བར་དུ་གྲི་ཐོགས་ནས་མིར་རྨས་སྐྱོན་གཏོང་བ་མཐོང་ན་ཁྱེད་ཀྱིས་ཇི་ལྟར་བྱེད་སྲིད་དམ།
ཉོ་སྐྱེལ་བ་ཡུས་རུང་ཤན་གྱི་ཐབས་དང་བློ་གྲོས་ལྡན་པའི་གོམ་སྟབས་གསུམ་ལ་ཀུན་གྱིས་བསྔགས་བརྗོད་ཆེན་པོ་བྱས་པ་སྟེ།
གོམ་སྟབས་དང་པོ། གློག་སྒུལ་རྐང་འཁོར་སྟེང་གི་སྐྱེལ་རྩིས་ཡོད་པའི་ཅ་དངོས་ལམ་ཟུར་གྱི་བདེ་འཇགས་ཁུལ་དུ་བཞག
གོམ་སྟབས་གཉིས་པ། གློག་སྒུལ་རྐང་འཁོར་བཞོན་ནས་ཉེས་ཅན་པ་དེའི་རྒྱབ་ཏུ་སོང་ནས་ཁོས་མི་ཚོར་བར་བྱས།
གོམ་སྟབས་གསུམ་པ། སྐབས་དང་བསྟུན་ནས་གློག་སྒུལ་རྐང་འཁོར་བཏང་སྟེ་རང་ཉིད་རྐང་འཁོར་ལས་མཆོངས།
གློག་སྒུལ་རྐང་འཁོར་ལས་མཆོངས་རྗེས་གློག་སྒུལ་རྐང་འཁོར་ཉེས་ཅན་པའི་རྒྱབ་ལ་གནད་འཁེལ་བརྡུངས་བས། ཉེས་ཅན་པ་རང་སར་འགྱེལ་བ་དང་། ལག་ཏུ་ཐོགས་པའི་གྲི་རྣོན་པོ་ཟུར་ཞིག་ལ་ཐོར། དེ་མ་ཐག་མཐའ་འཁོར་དུ་ཡོད་པའི་མང་ཚོགས་ཚོས་མཉམ་དུ་ཉེས་ཅན་པ་དེ་བཟུང་།
ཟླ་8ཚེས་18ཉིན་གྱི་དགོང་མོ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྲོང་ཤར་ཆུས་བྱང་ངོས་ཁྲོམ་གཞུང་དུ་ཐོན་པའི་གནས་ཚུལ་དེར་དྲ་གྲོགས་མང་པོ་ཞིག་གིས་ཡུས་རུང་ཤན་གྱི་དཔའ་བློ་ཁོག་ལ་བསྔགས་བརྗོད་ཀྱི་མཐེ་བོང་ཡང་ཡང་བསྒྲེངས།
དེ་གོང་ཉེས་ཅན་པ་དེས་གྲི་ཐོགས་ནས་མིར་རྨས་སྐྱོན་བཏང་རྗེས་སྐབས་ཤིག་རིང་དོན་རྐྱེན་བྱུང་ཡུལ་ཛ་དྲག་གི་གནས་སུ་གྱར་བ་དང་། མང་ཚོགས་ཁག་གཅིག་གིས་དབྱུག་པ་རིང་པོ་ཁྱེར་ཏེ་རིང་ས་ནས་བཀག་རྩིས་བྱས། མི་མང་ཆེ་བ་རིང་ས་ནས་ལྟ་བ་ལས་འཁྲིས་སུ་བཅར་མི་ཕོད། ཡུས་རུང་ཤན་ཡང་ཉེ་འགྲམ་དུ་མངགས་ཐོ་སྐྱེལ་བཞིན་ཡོད་པ་དང་། གནས་ཚུལ་དེ་མཐོང་བས་ཁོང་གིས་རོགས་པ་བྱེད་རྒྱུའི་སེམས་ཐག་བཅད། ཁོང་གིས“དེ་དུས་དེ་གར་མི་ཞིག་ལ་རྨས་སྐྱོན་ཕོག་འདུག་པས་ངས་རོགས་པ་བྱེད་དགོས་སྙམ་བྱུང་། གློག་སྒུལ་རྐང་འཁོར་ལ་སྐྱོན་ཤོར་ན་བཟོ་བཅོས་བརྒྱབ་ཆོག གལ་ཏེ་མིར་རྨས་སྐྱོན་ཆེན་པོ་ཕོག་ན་སྲོག་ལ་ཉེན་ཁ་ཡོང་གི་རེད་སྙམ་ནས་རོགས་པ་བྱས་པ་ཡིན”ཞེས་བཤད།
“ངས་གཏུམ་སྤྱོད་པ་དེ་ར་བཟི་ཡོད་པ་དང་། ཁོ་པའི་སྣང་བ་རྦད་དེ་ཁ་སྤྲོད་ཀྱི་དབྱུག་པ་འཁྱེར་མཁན་དེར་བཞག་ཡོད་པ་ཚོར་བྱུང་། ལག་ཆ་གང་ཡང་མེད་པར་ཁོའི་གྲི་འཕྲོག་ཐབས་བྲལ་ཡོད། བདེན་པའི་རྒྱབ་ལངས་བྱེད་པར་ཡང་ཐོག་མར་རང་ཉིད་ལ་རྨས་སྐྱོན་མི་ཕོག་པ་བྱེད་དགོས་སྙམ་བྱུང”ཞེས་ཡུས་རུང་ཤན་གྱིས་དྲན་གསོ་བྱེད་བཞིན་དུ་བཤད། གཏུམ་སྤྱོད་པར་རྨས་སྐྱོན་ཤུགས་ཆེན་མི་ཕོག་པའི་ཆེད། ཁོང་གིས་ཆེད་མངགས་གློག་སྒུལ་རྐང་འཁོར་ཤུགས་ཆེན་པོ་བཏང་མེད་པ་རེད།
ཕྱིས་སུ་མི་དམངས་ཉེན་རྟོག་པ་དང་མྱུར་སྐྱོབ་མི་སྣ་ས་ཡུལ་དངོས་སུ་འབྱོར་ནས་ཐག་གཅོད་བྱས་པ་དང་། ཡུས་རུང་ཤན་གྱིས་རྒྱབ་མཐོང་ཤེལ་སྒོ་ཆག་ཡོད་པའི་གློག་སྒུལ་རྐང་འཁོར་སྐྱོར་བཞིན་ལམ་ཟུར་དུ་བཞག་པའི་མངགས་ཐོ་བླངས་ཏེ། ལས་རོགས་ཀྱི་རྐང་འཁོར་ལ་བསྡད་ནས་དུས་ཚོད་བརྒལ་བའི་མངགས་ཐོ་སྐྱེལ་བར་ཕྱིན།
གནས་ཚུལ་ཐོན་སའི་བརྙན་ཐུང་ཟླ་8ཚེས་19ཉིན་གྱི་ཐོ་རེངས་སུ་དྲ་ཐོག་ཏུ་ཁྱབ་ཡོད། ཐབས་དང་བློ་གྲོས་ལ་བརྟེན་ནས་ཉེས་ཅན་པ་བཏུལ་སྟངས་ལ་དྲ་གྲོགས་ཚོས་བསྟོད་པའི་མཐེ་བོང་ཡང་ཡང་བསྒྲེངས། དྲ་གྲོགས་ཚོས་ཁོང་ལ“ཐབས་དང་བློ་གྲོས་ལྡན་ལ་དཔའ་བློ་ཁོག་ཆེ”ཞེས་བསྔགས་བརྗོད་བྱས།
“ངས་སྒྲུབ་དགོས་པའི་བྱ་བ་བསྒྲུབས་པ་ཙམ་ཡིན”ཞེས་ཡུས་རུང་ཤན་གྱིས་བཤད།
ད་ལོ་ལོ་21ལ་སླེབས་པའི་ཡུས་རུང་ཤན་ནི་མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ནས་ཡིན་པ་དང་། དེ་གོང་ཟོག་འགྲུལ་དང་རླངས་འཁོར་བཟོ་བཅོས་སོགས་ཀྱི་ལས་ཀ་བྱེད་མྱོང་ཡོད། ཉོ་སྐྱེལ་གྱི་ལས་ཀ་བྱས་ནས་ལོ་ཕྱེད་ལས་སོང་མེད།
ཉོ་སྐྱེལ་ལས་སྟེགས་ཀྱིས་ཡུས་རུང་ཤན་གྱི་བྱས་རྗེས་ཤེས་མ་ཐག་ཉིན་དེའི་དུས་ཚོད་བརྒལ་བའི་ཟིན་ཐོ་བསུབ་པ་དང་། ཟླ་8ཚེས་20ཉིན་གྱི་སྔ་དྲོར། ཉོ་སྐྱེལ་ལས་སྟེགས་ཀྱིས་ཁོང་ལ་གོས་དར་དང་བདེན་པའི་རྒྱབ་ལངས་ཀྱི་བྱ་དགའ་སྒོར་5000སྤྲད་པ་རེད།
ཟླ་8ཚེས་20ཉིན་ནི་ཡུས་རུང་ཤན་ལོ་21ལ་སླེབས་པའི་སྐྱེས་སྐར་ཡིན་པ་དང་། ལས་རོགས་ཚོས་སྒོ་ངའི་བག་ལེབ་ཉོས་ནས་ཁོང་ལ་རྟེན་འབྲེལ་ཞུས་པ་རེད།
ཟླ་8ཚེས་21ཉིན། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་གྲོང་ཤར་ཡན་ལག་ཅུས་ཏུང་ཀོན་ཁྲོམ་གཞུང་མངགས་གཏོང་ཁང་གིས་གྱོད་གཞི་དེར་གྱོད་དོན་ཐོ་འགོད་ཀྱིས་བརྟག་དཔྱད་བྱས། གསར་འགོད་པས་མཚོ་སྔོན་ཞིང་ཨུད་སྲིད་ཁྲིམས་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། སྲིད་ཁྲིམས་སྡེ་ཚན་གྱིས་ཡུས་རུང་ཤན་ལ་གཟེངས་བསྟོད་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།