དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་འཕེལ་རྒྱས་ཆེད་ཀྲུང་གོའི་བློ་གྲོས་སྐྱེས་སུ་ཕུལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​ཧྲའོ་ཕུང་།   |     སྤེལ་དུས།  2026-08-26

    ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་ལག་རྩལ་བཀོལ་སྤྱོད་ལ་བརྟེན་ནས་ཐོན་ལས་རིམ་སྤོར་ལ་མཐུན་རྐྱེན་སྦྱོར་བ་དང་། སྒོ་དབྱེ་མཉམ་ལས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་འགལ་རྐྱེན་སེལ་བ། མཉམ་གྲོས་མཉམ་སྐྲུན་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་རིག་ནུས་དུས་རབས་ཀྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ཀྲུང་གོའི་ཇུས་གཞི་རྒྱུན་མཐུད་ལེགས་སྐྱེས་འབུལ་བཞིན་ཡོད།

    2026ལོའི་འཛམ་གླིང་འཕྲུལ་མིའི་ཚོགས་ཆེན་ཚེས་23ཉིན་པེ་ཅིང་དུ་གྲོལ་ཞིང་། སྐབས་འདིའི་ཚོགས་ཆེན་གྱིས“མི་འཕྲུལ་མཉམ་གནས། ཐོན་མཁོ་མཉམ་འདྲེས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། དུས་མཚུངས་སུ་འཛམ་གླིང་འཕྲུལ་མིའི་དངོས་མང་སྟོན་ཚོགས་དང་འཛམ་གླིང་འཕྲུལ་མིའི་འགྲན་བསྡུར་ཆེ་མོ་སོགས་ལྷན་སྦྱར་བྱེད་སྒོ་ཐེངས་70ལྷག་ཙམ་སྤེལ་བ་རེད།

    ཉེ་བའི་ལོ་ཤས་རིང་། ཀྲུང་གོས་འཐུས་སྒོ་ཚང་བའི་བཟོ་སྐྲུན་ལས་རིགས་ཀྱི་མ་ལག་དང་བཀོལ་སྤྱོད་ཀྱི་རྣམ་པ་འབོར་ཆེན་ལ་བརྟེན་ནས་མི་ཐབས་རིག་ནུས་ལག་རྩལ་དེ་ཚོད་ལྟ་ཁང་ནས་ཐོན་སྐྱེད་དང་འཚོ་བའི་འཐབ་ས་དང་པོར་བསྐྱོད་པར་སྐུལ་འདེད་བཏང་བས། ལག་རྩལ་རིམ་འཇུག་དང་། རྣམ་པ་ར་སྤྲོད། ཐོན་ལས་རིམ་སྤོར་བཅས་ཀྱི་འཁོར་རྒྱུག་བཟང་པོ་ཞིག་ཆགས་ཡོད། ད་ལོའི་འཛམ་གླིང་འཕྲུལ་མིའི་ཚོགས་ཆེན་ཐོག་རང་བརྟེན་ཇུས་འགོད་དང་མི་འཕྲུལ་མཉམ་ལས་ཀྱི་ནུས་པ་ལྡན་པའི་བཟོ་ལས་འཕྲུལ་མི་རབས་གསར་པ་ལག་རྩལ་ར་སྤྲོད་ནས་གཞི་ཁྱོན་ཅན་གྱི་བེད་སྤྱོད་ཕྱོགས་སུ་མགྱོགས་མྱུར་བསྐྱོད་དེ། རྒན་གསོ་དང་། སྨན་བཅོས། སློབ་གསོ་སོགས་དམངས་འཚོའི་ཁྱབ་ཁོངས་ལ་ཕྱོགས་པའི་ཞབས་ཞུའི་འཕྲུལ་མི་མགྱོགས་མྱུར་ཁྱབ་གདལ་བཏང་ཞིང་། རིག་ནུས་ཀྱི་མཉམ་རོགས་དང་རིག་ལྡན་སྐོར་ཞིབ་སོགས་འཕྲུལ་མིའི་ཐོན་རྫས་དེ་དག་སྤྱི་ཚོགས་ཀྱི་དགོས་མཁོ་དང་གནད་སྨིན་འབྲེལ་མཐུད་བྱས་པ་དང་། ཞིང་ལས་བརྔ་བསྡུ་དང་འཕྲལ་སྡོམ་རོགས་སྐྱོབ་ཀྱི་དམིགས་བསལ་འཕྲུལ་མིའི་བཀོལ་སྤྱོད་རྣམ་པ་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་བས། མི་ཐབས་རིག་ནུས་ཀྱིས་ལས་རིགས་སྣ་ཚོགས་ལ་མཐུན་རྐྱེན་སྦྱོར་བའི་བར་མཐོངས་ཆེན་པོ་མངོན་ཡོད། ཆ་ཚང་བའི་ཐོན་ལས་འཁོར་འབྲེལ་གྱི་ལྷན་སྦྱར་ལེགས་ཆ་དང་ཕུན་སུམ་ཚོགས་པའི་རྣམ་པ་དོན་འཁྱོལ་གྱི་ཉམས་མྱོང་ལ་བརྟེན་ནས་ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་ལག་རྩལ་གཞན་སྒྱུར་བཀོལ་སྤྱོད་ཀྱི་ཚོད་ལྟ་བྱ་ཡུལ་གལ་ཆེན་དང་དེ་མགྱོགས་སུ་གཏོང་བྱེད་ཀྱི་འཕྲུལ་ཆས་ལ་འགྱུར་བཞིན་ཡོད།

    མི་ཐབས་རིག་ནུས་ལག་རྩལ་དང་འཕྲུལ་མི་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐོན་ལས་རླབས་རྒྱུན་ཁྲོད་དུ་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཁུངས་གསལ་སྒོ་དབྱེ་དང་མཉམ་ལས་གཉིས་ཕན་མཐའ་འཁྱོངས་བྱས་ཏེ། མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་རྒྱ་ཁྱབ་སྤེལ་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ལག་རྩལ་གྱི་ནུས་པ་དང་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་རམ་འདེགས་བྱས་པ་སྟེ། ཨེ་ཤེ་ཡ་ཤར་ལྷོའི་བཟོ་སྐྲུན་ལས་རིགས་ཀྱི་བཟོ་གྲྭར་བཟོ་ལས་འཕྲུལ་མི་དང་མཐོང་ཚོར་ཞིབ་དཔྱད་ཀྱི་ཇུས་གཞི་མཁོ་འདོན་བྱས་ནས་ས་གནས་དེ་གའི་ཐོན་ལས་གྲངས་འཛིན་ཅན་གྱི་རིམ་སྤོར་ལ་སྐུལ་ཁྲིད་བྱས་ཡོད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཏུ་ཞིང་ལས་སྐོར་ཞིབ་དང་སྤྱི་པའི་ཞབས་ཞུའི་འཕྲུལ་མི་བཀོད་སྒྲིག་བྱས་ནས་ས་གནས་དེ་གར་གྲངས་འཛིན་དང་རིག་ནུས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་གཏོད་པར་རམ་འདེགས་བྱས་ཡོད། ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཏུ་ཀྲུང་གོའི་ཁེ་ལས་ཀྱིས་ས་གནས་དེ་ག་དང་མཉམ་ལས་བྱས་ཏེ་རིག་ནུས་མཛོད་ཉར་དང་། ཟོག་འགྲེམས་དེ་བཞིན་གཙང་སྦྲ་བྱེད་མཁན་འཕྲུལ་མི་བཀོད་སྒྲིག་བྱས་ནས་ས་གནས་དེ་གའི་དྲ་ཐོག་ཚོང་དོན་དང་བཟོ་སྐྲུན་ལས་རིགས་རིག་ནུས་ཅན་གྱི་རིམ་སྤོར་ལ་རམ་འདེགས་བྱས་ཡོད། ཀྲུང་གོས་འཛམ་གླིང་ལ་འཕྲུལ་མིའི་ཐོན་ལས་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་ཐུན་མོང་ཐོག་སྒོ་དབྱེ་དང་། འདྲ་མཉམ། གཞུང་དྲང་། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་བཏོད་དེ། མི་ཐབས་རིག་ནུས་དང་འཕྲུལ་མིའི་ལག་རྩལ་དེ་ཀུན་ཕན་དགེ་ཐོན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད།

    མི་ཐབས་རིག་ནུས་དང་འཕྲུལ་མིའི་ལག་རྩལ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་ཕྱིན་པ་དེ་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་གི་མ་ལག་དང་ཁ་འབྲལ་ཐབས་མེད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ཐུན་མོང་གི་ཁེ་ཕན་ནས་འགོ་བཙུགས་ཏེ། སྒོ་དབྱེ་དང་། གཞུང་དྲང་། ནུས་ལྡན་བཅས་ཀྱི་མི་ཐབས་རིག་ནུས་བཅོས་སྐྱོང་གི་ལམ་སྲོལ་འཛུགས་པ་དང་དར་སྤེལ་བཏང་ནས་མི་ཐབས་རིག་ནུས་ལག་རྩལ་དེ་དགེ་ཐོན་ཀུན་ཕན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། 《གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་གི་གྲོས་འགོ》བཏོན་པ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་མོལ་བྱས་ཏེ་མི་ཐབས་རིག་ནུས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྒྱལ་སྤྱིའི་མཉམ་ལས་གྲོས་ཆོད་ལ་གཅིག་མཐུན་གྲོས་འཆམ་ཡོང་བར་སྐུལ་འདེད་གཏོང་བའི་བར་དང་། 《མི་ཐབས་རིག་ནུས་འཛུགས་སྐྱོང་གི་ཀུན་ཕན་འཆར་གཞི》དང《“མི་ཐབས་རིག་ནུས”ཀྱི་རྒྱལ་སྤྱིའི་མཉམ་ལས་གྲོས་འགོ》ཡོངས་བསྒྲགས་བྱས་པ་ནས་རྒྱལ་ཁབ་28དང་མཉམ་དུ་འཛམ་གླིང་གི་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་བཙུགས་པའི་བར། ཀྲུང་གོས་འདུ་ཤེས་དེ་རྒྱུན་ཆད་མེད་པར་བྱ་སྤྱོད་ལ་བསྒྱུར་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་གོ་ལ་ཧྲིལ་པོའི་རིག་ནུས་ཀྱི་འགལ་རྐྱེན་སེལ་བར་སྐུལ་འདེད་བཏང་སྟེ་མི་ཐབས་རིག་ནུས་འཕེལ་རྒྱས་དང་བཅོས་སྐྱོང་ལ་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་སྐྱེས་སུ་ཕུལ་ཡོད།

    (རྩོམ་པ་པོ་ནི་ཀྲུང་གུང་ཐེན་ཅིན་གྲོང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་གཞོན་པ་དང་ཐེན་ཅིན་གྲོང་ཁྱེར་གྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཡིན)

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།