དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོའི་འཕེལ་རྒྱས་ལས་བྱུང་བའི་གོ་སྐབས་སྟངས་འཛིན་དེ་བས་ལེགས་པ་བྱེད་ཀྱི་ཡིན”

    ​——པར་ཙིར་གྱི་རུའུ་དབྱི་སི་ཏི་ཧྥུའུ་ལ་གྲོང་ཁྱེར་གྱི་ཧྲི་ཀྲང་ས་ལུའོ་མོང་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཁྲེན་དབྱི་མིང་།   |     སྤེལ་དུས།  2026-08-26


    “དེ་སྔ་མི་རྣམས་ཀྱིས་པར་ཀྲུང་མཉམ་ལས་སྐོར་གླེང་སྐབས། དང་ཐོག་བློ་ངོར་འཆར་བ་ནི་གྲུ་ཁ་དང་གྲོང་ཁྱེར་ཆེ་གྲས་རེད། ད་ཆ་ང་ཚོས་པར་ཙིར་གྱི་སྐམ་སའི་དབུས་ཁུལ་གྲོང་ཁྱེར་དང་ཀྲུང་གོའི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་མི་དེ་བས་མང་བས་མཐོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་པར་ཙིར་གྱི་རུའུ་དབྱི་སི་ཏི་ཧྥུའུ་ལ་གྲོང་ཁྱེར་གྱི་ཧྲི་ཀྲང་མཱ་ཅ་ལི་ཏ·ས་ལུའོ་མོང་གིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།

    རུའུ་དབྱི་སི་ཏི་ཧྥུའུ་ལ་གྲོང་ཁྱེར་ནི་ལི་གཡོད་རེ་ནེ་ལུའུ་དང་། ཧྲེང་པའོ་ལུའོ། སྨི་ན་སི་ཅི་ལ་སི་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་པེ་ལུའོ་ཨའོ་ལི་ཙང་ཐེ་བཅས་གྲོང་ཚོམས་ཆེན་པོ་གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་། དེ་ནི་པར་ཙིར་ཤར་ལྷོའི་རྒྱུད་ཀྱི་འགྲིམ་འགྲུལ་དང་བཟོ་ལས་ཀྱི་ལྟེ་གནས་གལ་ཆེན་ཞིག་རེད། “ང་ཚོས་པར་ཀྲུང་མཉམ་ལས་བྱས་པ་བརྒྱུད། ས་ཁོངས་ཀྱི་ཐོན་ལས་འཁོར་འབྲེལ་ཁྲོད་ཀྱི་གྲོང་ཁྱེར་གྱི་གནས་བབ་མཐོ་རུ་བཏང་ནས་གཞོན་ནུ་ཚོར་ལས་ཞུགས་ཀྱི་གོ་སྐབས་དང་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་གཏོད་རྒྱུའི་རེ་བ་ཡོད”ཅེས་ས་ལུའོ་མོང་གིས་བརྗོད།

    ས་ལུའོ་མོང་གིས་ངོས་འཛིན་བྱས་དོན། ཟོག་འགྲུལ་ནི་པར་ཀྲུང་ཚོང་དོན་སྦྲེལ་མཐུད་བྱེད་པའི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་དེ་བས་གལ་འགངས་ཆེ་བ་ཞིག་ནི་མཚོ་ཐོག་སྐྱེལ་འདྲེན་གྱི་ནུས་པ་སྐམ་སའི་དབུས་ཁུལ་དུ་སྣུར་སྲིང་བྱས་ནས་གྲུ་ཁ་དང་སྐམ་སའི་དབུས་ཁུལ་གྲོང་ཁྱེར་ལ་ཁྱབ་པའི་མཁོ་སྤྲོད་འཁོར་འབྲེལ་གྱི་ཞབས་ཞུའི་མ་ལག་ཅིག་ཆགས་པར་བྱ་རྒྱུ་དེ་རེད།

    “ཉེ་བའི་ལོ་ཤས་རིང་། ཀྲུང་གོ་རྒྱང་རིང་མཚོ་ཐོག་སྐྱེལ་འདྲེན་ཚུད་པའི་ཀྲུང་གོའི་ཁེ་ལས་ཀྱིས་པར་ཀྲུང་ཟོག་འགྲུལ་བགྲོད་ལམ་གྱི་འཛུགས་སྐྲུན་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས་གྲུ་ཁ་དང་། མཚོ་ཐོག་སྐྱེལ་འདྲེན། སྐམ་སའི་དབུས་ཁུལ་གྱི་སྐྱེལ་འདྲེན་དྲ་རྒྱ་བཅས་སྦྲེལ་མཐུད་ནུས་ལྡན་ཐུབ་པར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་ཡོད། ཀྲུང་གོའི་ཁེ་ལས་ཨན་ཅུན་ཟོག་འགྲུལ་གྱིས་པར་ཙིར་ལ་ལེ་ཡར་དུང་ཕྱུར་7.5(ལེ་ཡར་རེར་མི་དམངས་ཤོག་སྒོར་1.3ཙམ་ཡིན་པ)བཏང་བ་དང་། ས་གནས་དེ་གའི་ལས་མི་2200ལྷག་ཙམ་གླས་ཏེ་པར་ཙིར་ལ་ཁྱབ་པའི་ཟོག་འགྲུལ་དྲ་རྒྱ་བཙུགས་ཡོད”ཅེས་ས་ལུའོ་མོང་གིས་བརྗོད།

    “ན་ནིང་ཟླ་10པར། རུའུ་དབྱི་སི་ཏི་ཧྥུའུ་ལ་གྲོང་ཁྱེར་གྱིས་ཧུའུ་ནན་ཞིང་ཆེན་གཡོད་དབྱང་གྲོང་ཁྱེར་དང་རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར་གྱི་འབྲེལ་བ་འཛུགས་རྒྱུའི་འདོད་མཐུན་བཞག་པ་རེད། དེའི་རིང་ངས་ཚོགས་པའི་སྣེ་ཁྲིད་དེ་གཡོད་དབྱང་གྲོང་ཁྱེར་དུ་འཚམས་འདྲིར་བསྐྱོད་པ་ཡིན། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་དང་། འཐུས་སྒོ་ཚང་བའི་རྨང་གཞིའི་སྒྲིག་བཀོད། དེ་བཞིན་གྲོང་ཁྱེར་བཅོས་སྐྱོང་གི་ཆུ་ཚད་བཅས་ཀྱིས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། ང་ཚོས་ཀྲུང་གོའི་འཕེལ་རྒྱས་ཀྱི་མྱུར་ཚད་མཐོང་བྱུང་ལ་ཐོན་ལས་ཀྱི་འཆར་འགོད་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་བཅས་ཀྱི་ཐད་ཀྲུང་གོའི་གྲོང་ཁྱེར་ལ་ཐོབ་པའི་གྲུབ་འབྲས་ཀྱང་མཐོང་བྱུང་། སླད་ཕྱིན་ཀྲུང་གོའི་གྲོང་ཁྱེར་དང་སྔར་བས་སྤེལ་རེས་གཏིང་ཟབ་བྱས་ཏེ་ཆུ་ཤུགས་གློག་གཏོང་དང་། བདེ་ཐང་སྨན་བཅོས། ཚོང་དོན། སློབ་གསོ། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་གོ་སྐབས་དེ་བས་མང་བ་འཚོལ་ཞིབ་བྱས་ཏེ། “ཀྲུང་གོའི་འཕེལ་རྒྱས་ལས་བྱུང་བའི་གོ་སྐབས་སྟངས་འཛིན་དེ་བས་ལེགས་པ་བྱ་རྒྱུའི་རེ་བ་ཡོད”ཅེས་ས་ལུའོ་མོང་གིས་བརྗོད།

    ས་ལུའོ་མོང་གིས་ངོས་འཛིན་བྱས་དོན། སློབ་གསོའི་མཉམ་ལས་ནི་ཕྱོགས་གཉིས་པོའི་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ལྡན་པའི་མཉམ་ལས་ཁྱབ་ཁོངས་ཀྱི་གྲས་ཤིག་ཡིན་པས། “རྒྱ་ཡིག་སློབ་སྦྱོང་བྱ་རྒྱུ་ནི་སྔོན་སྒྲུབ་ཀྱི་བྱ་བ་ཞིག་རེད། པར་ཙིར་གྱི་སློབ་མ་དེ་བས་མང་བས་རྒྱ་ཡིག་སྦྱངས་ཏེ་རྒྱལ་སྤྱིའི་སྤེལ་རེས་བརྒྱུད་གོ་སྐབས་དེ་བས་མང་བ་ཐོབ་རྒྱུའི་རེ་བ་ཡོད”


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།