དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁང་ཆུང་གྲུ་བཞིའི་ནང་ནས་མི་ཚེ་གང་པོའི་དད་སེམས་མངོན་པ།

    ​—— བཀྲ་ཤིས་ཚེ་འཕེལ་གྱི་གསར་བརྗེའི“དབྱིག་ནོར་ཁང”དུ་སྐྱོད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-26


    འདི་ནི་བཀྲ་ཤིས་ཚེ་འཕེལ་གྱིས་གསར་འགོད་པར་གསར་བརྗེའི“དབྱིག་ནོར་ཁང”གི་ཉར་རྫས་ངོ་སྤྲོད་བྱེད་བཞིན་པ།

    སྨི་ངོས་གྲུ་10ལས་མེད་པའི་ཁང་ཆུང་ཞིག་གི་ནང་ཡང་སྙིང་སྒྲིག་སྦྱོར་ག་ཚོད་བྱེད་ཐུབ་བམ།

    ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་སྟེང་ཆེན་གྲོང་ཚོར་ལོ་74ལ་སླེབས་པའི་བཀྲ་ཤིས་ཚེ་འཕེལ་གྱིས་མི་ཚེ་ཕྱེད་ཀ་ལྷག་ཙམ་གྱི་དུས་ཚོད་སྤྱད་དེ་དྲི་བ་འདིར་ལན་བཏབ་ཡོད། ཁང་ཆུང་དེའི་ནང་གསར་བརྗེའི་དྲན་ཤེས་ཟབ་མོས་ཁེངས་ཡོད། ཏང་ཡོན་རྒན་གྲས་ཤིག་གི་ནམ་ཡང་མི་ནུབ་པའི་དད་སེམས་ཀྱི་མེ་སྟག་ཅིག་ཧུར་ཧུར་དུ་འབར་བཞིན་མཆིས།

    བཀྲ་ཤིས་ཚེ་འཕེལ་ཁྱིམ་གྱི་ཐོག་སོ་གཉིས་པའི་ཁང་ཆུང་ཞིག་ཏུ་སྐྱོད་སྐབས་སྔ་མོའི་ཉམས་སྣང་ཞིག་རང་ཤུགས་སུ་མངོན་འོང་། ཁང་པའི་ཏང་རྟགས་དབྱིབས་ཀྱི་གློག་སྒྲོན་ལས་འོད་མདངས་ལྷག་པར་འཕྲོ་ཞིང་། “རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་ཁྲི་ལོར་བརྟན་པར་ཤོག”ཅེས་པ་དང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས”སོགས་དམར་མདངས་བཀྲ་བའི་སྦྱར་ཡིག་གྱང་ཐོག་ལ་སྦྱར་ཡོད། གྱང་ངོས་སུ་ལོ་ཟླའི་རྗེས་ཤུལ་མངོན་པའི་གསར་བརྗེའི་འདྲ་པར་རྙིང་པ་དང་བཀྲག་མདངས་འཚེར་བའི་སྐུ་པར་དང་རྟགས་མ་གྲལ་སྟར་འགྲིག་པོར་བཀལ་ཡོད། ཁང་པའི་ནང་གི་པར་སྒྲོམ་བཞི་གྲལ་འགྲིག་པོར་བསྒྲིགས་ཡོད་པ་དེའི་ནང་ཆེ་ཆུང་མི་འདྲ་བ་དང་བཟོ་ལྟ་མི་འདྲ་བའི་མའོ་ཀྲུའུ་ཞིའི་སྐུ་པར་དང་རྟགས་མ་བསྒྲིགས་ཡོད་ཅིང་། སྐུ་པར་དང་རྟགས་མ་རེ་རེ་ལས་ལོ་ཟླའི་རྗེས་ཤུལ་ཟབ་མོ་མངོན་ལ། བགྲེས་སོང་ཁོང་གིས་བགྲང་བྱ་བཅུ་ཕྲག་ཁ་ཤས་ཉིན་གཅིག་ལྟར་བརྟན་སྲུང་བྱས་པའི་དཔང་པོ་ཡང་བྱེད་བཞིན་ཡོད།

    གལ་ཏེ་ཁྱོད་ཀྱིས་ཁང་ཆུང་འདི་ཉར་ཚགས་ཁང་ཞིག་ལ་བརྩིས་ན་འདིའི་རིན་ཐང་ངོ་མ་ག་ལ་དཔག་ཐུབ།

    “ངས་1980ལོ་ནས་བཟུང་དངོས་པོ་འདི་དག་ཉར་ཚགས་བྱས་ཏེ་མི་ཚེ་ཕྱེད་ཀ་ལྷག་ཙམ་འདིའི་ཐོག་སེམས་ཤུགས་བརྒྱབ་པ་ཡིན། སྐབས་དེ་དུས་ངའི་ཨ་མས་དམག་སྡེ་བཅོ་བརྒྱད་པའི་བཀའ་དྲིན་བསམ་བཞིན་མའོ་ཀྲུའུ་ཞིའི་སྐུ་པར་དང་རྟགས་མ་30ལྷག་ཙམ་བསྡུ་རུབ་གནང་ཡོད། ཕྱིས་སུ་ང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་ནས་རང་ཉིད་ལ་དུས་དང་རྣམ་པ་ཀུན་ཏུ་ཏང་གི་བཀའ་དྲིན་བརྗེད་མི་རུང་བའི་དྲན་སྐུལ་བྱ་ཆེད་ངས་ཀྱང་ཉར་ཚགས་བྱེད་འགོ་བཙུགས་པ་ཡིན”ཞེས་བརྗོད་ཅིང་། བཀྲ་ཤིས་ཚེ་འཕེལ་གྱིས་མི་ཚེ་ཕྱེད་ཀ་ལྷག་ཙམ་ཉར་ཚགས་བྱས་པའི་སྐོར་གླེང་སྐབས་ཁོང་གི་དྲན་པའི་མེ་ལོང་ངོས་སུ་བརྗེད་པར་དཀའ་བའི་སྔར་སོང་གི་ལོ་ཟླ་གསལ་པོར་མངོན།

    ལས་དབང་ལ་ཁ་ལོ་བསྒྱུར་བའི་དུས་ནི་དམག་སྡེ་བཅོ་བརྒྱད་པ་སླེབས་དུས་རེད།

    སྐབས་དེ་དུས་དམག་སྡེ་བཅོ་བརྒྱད་པ་སྟེང་ཆེན་དུ་བཅའ་སྡོད་བྱས་པ་དང་ཨ་མས་རང་འགུལ་ངང་དཔོན་དམག་ཚོར་ཆུ་ལེན་རོགས་དང་གོས་འཁྲུད་རོགས་བྱེད་ཀྱི་ཡོད། ལོ་ན་ཕྲ་བའི་བཀྲ་ཤིས་ཚེ་འཕེལ་གྱིས་ཁོམ་པ་ཡོད་རིམ་བཞིན་བཅིངས་འགྲོལ་དམག་མིའི་རྗེས་སུ་འབྲངས་ནས་ཁོང་ཚོས་དམངས་ཆེད་ལེགས་སྐྱེས་འབུལ་བ་དང་ཡུལ་ཕྱོགས་གཅིག་གི་བདེ་འཇགས་སྲུང་བར་ལྟ་གི་ཡོད།

    དེ་རྗེས་རིམ་བཞིན་ཁོང་གུང་ཁྲན་ཏང་ཡོན་ཞིག་ཏུ་གྱུར་ནས་ཏང་གི་རྗེས་སུ་འབྲངས་བའི་ས་བོན་གྱི་རྩ་བ་སེམས་ཀྱི་ཞིང་ས་གཤིན་པོར་ཚུགས་ནས་མྱུ་གུ་འབུས་འགོ་ཚུགས།

    1992ལོར། སྟེང་ཆེན་གྲོང་རྡལ་གྱི་ཀྲེན་ཀྲང་གིས་ཏང་ཞུགས་ངོ་སྤྲོད་པའི་མིང་ཐོག་ནས་ཁོང་ཏང་ནང་ཞུགས་ཆོག་པའི་ཆོག་མཆན་སྤྲོད་སྐབས། ཐོ་ཕྲུག་བཏང་ནས་རྫོང་ཡོངས་ཀྱི་ཕྱོགས་གང་སར་འགྲོ་མྱོང་བའི་ཕོ་གཞོན་དེ་སེམས་འགུལ་ཆེན་པོ་ཐེབས། ཏང་ཡོན་གྱི་རྟགས་མ་བཏགས་དུས་ཀྱི་ཉིན་དེ་ནས་བཟུང་ཁོང་གིས་ཚེ་གང་རིང་ཐོག་མའི་བསམ་འདུན་བརྟན་པོར་བསྲུངས་ནས་ཁ་བཤད་ལག་བསྟར་བྱེད་རྒྱུའི་སེམས་ཐག་བཅད།

    དེ་རྗེས་ལོ་མང་རིང་ཁོང་གིས་ཐོ་ཕྲུག་བཏང་ནས་གྲོང་གསེབ་ཀྱི་ཞིང་ནང་དང་མུ་ཁ་གང་སར་བསྐྱོད་དེ་གླ་ཆ་མང་ཉུང་དང་ངལ་དུབ་ལ་མ་འཛེམས་པར་རང་འགུལ་ངང་ཁྱིམ་མཚེས་ལ་འཐུང་ཆུ་དང་དངོས་ཟོག་སྐྱེལ་རོགས་བྱས་ནས་ཁོ་ཚོའི་སེམས་ཁྲལ་དང་དཀའ་ངལ་བསལ་ཏེ། ཀུན་ལ་ཕན་པའི་བྱ་བ་ཆུང་ཙག་བསྒྲུབས་ནས་ཏང་ཡོན་གྱི་འགན་འཁྲི་ཁུར།

    བགྲང་བྱ་40ལྷག་ཙམ་རིང་། གསར་བརྗེའི་རྩ་ཆེའི་ཅ་དངོས་ཉར་ཚགས་དང་གསར་བརྗེའི་དྲན་ཤེས་སྲུང་བ་དེ་ཁོང་གི་འཚོ་བའི་ནང་ཡུན་རིང་གཏན་འཁྱོངས་བྱེད་པའི་གོམས་གཤིས་སུ་གྱུར་ཡོད། ཁོང་ཐོ་ཕྲུག་བཏང་ནས་སྟེང་ཆེན་གྱི་རི་གྲོང་ཚང་མར་འགྲོ་མྱོང་བ་དང་། དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་བསགས་པའི་དངུལ་གྱིས་སྐུ་པར་དང་རྟགས་མ་རྙིང་པ་རེ་རེ་བཞིན་ཉོས། ཁྱིམ་གྱི་འཁོས་ཀ་ཞན་པའི་ཁོང་གིས་གསར་བརྗེའི་རྗེས་ཤུལ་ཉར་ཚགས་བྱ་ཆེད་ཟ་མཁས་འཐུང་མཁས་བྱས་ནས་ཀོང་ཏུང་དང་། ཐེན་ཅིན། ཧུའུ་ནན། ཁྲེང་ཏུའུ་སོགས་ས་ཆ་མང་པོར་སྐུ་པར་དང་རྟགས་མ་རྙིང་པ་འཚོལ་བསྡུ་བྱེད་པ་བསྐྱོད་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།