ཡར་འབྲོག་གཡུ་མཚོ་སྐོར་བའི་རྐང་འཁོར་ཡོངས་བསྒྲགས་འགྲན་བསྡུར་རྒྱལ་ཁབ་རིམ་པའི་འགྲན་བསྡུར་ཁོངས་སུ་བཅུག་པ།
2026ལོའི་ཀྲུང་གོའི་རྐང་འཁོར་ལུས་རྩལ་གྱི་ཡུལ་སྐོར་ཚོགས་ཆེན(མཚོའི་རིམ་སྤེལ)དང་ཡར་འབྲོག་གཡུ་མཚོ་སྐོར་བའི་རྐང་འཁོར་ཡོངས་བསྒྲགས་འགྲན་བསྡུར་སྐབས་བཅུ་གཅིག་པ་ཟླ་8ཚེས་22དང་23ཉིན་ཡར་འབྲོག་གཡུ་མཚོ་མཛེས་ལྗོངས་ཁུལ་དུ་འཚོགས་པ་རེད། འདི་ནི་འགྲན་བསྡུར་དེ་ལོ་11བསྟུད་མར་སྤེལ་རྗེས་རྒྱལ་ཁབ་རིམ་པའི་འགྲན་བསྡུར་ལ་ཐོག་མར་རིམ་སྤོར་བྱས་པ་ཞིག་ཡིན་ལ། བོད་རང་སྐྱོང་ལྗོངས་ཀྱི་2026ལོར་རྒྱལ་ཁབ་རིམ་པའི་Cརིམ་པའི་འགྲན་བསྡུར་ནང་ཁག་དང་པོར་བཅུག་པའི་མཚོ་སྐོར་བའི་ཚད་ཤིང་འགྲན་བསྡུར་ཞིག་ཀྱང་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་འགྲན་བསྡུར་ནང་རྐང་འཁོར་གྱི་སྐྱེས་པའི་ཚོགས་ཆུང་རྩེ་གྲ་དང་། རི་ཁུལ་གྱི་སྐྱེས་པའི་ཡོངས་བསྒྲགས་ཚོགས་ཆུང་། རི་ཁུལ་གྱི་བུ་མོའི་ཡོངས་བསྒྲགས་ཚོགས་ཆུང་། རི་ཁུལ་གྱི་སྐྱེས་པའི་དར་མའི་ཚོགས་ཆུང་བཅས་ཚོགས་ཆུང་བཞི་བཙུགས་ཡོད།
འགྲན་ལམ་དེ་ཡར་འབྲོག་གཡུ་མཚོའི་མཚོ་སྐོར་ནང་མའི་མཚོ་ངོགས་སུ་བཀོད་སྒྲིག་བྱས་པ་དེའི་ལམ་ཐག་ལ་སྤྱི་ལེ་133.5ཟིན་ནས་འགྲན་དུམ་གཉིས་ལ་དབྱེ་ཡོད་པ་སྟེ། འགྲན་དུམ་དང་པོ་ནི་སྣ་དཀར་རྩེ་རྫོང་འདབ་ལུང་སྡེ་ཁུལ་ནས་མདོང་པ་གྲོང་ཚོ་བར་ཡིན་པ་དང་ལམ་ཐག་སྤྱི་ལེ་73.5ཟིན་ཞིང་། འགྲན་དུམ་གཉིས་པ་ནི་མདོང་པ་གྲོང་ཚོ་ནས་སྣ་དཀར་རྩེ་རྫོང་གཙང་ཆུ་བར་ཡིན་པ་དང་ལམ་ཐག་སྤྱི་ལེ་60ཟིན་ཡོད། མཚོ་སྐོར་ནང་མའི་འགྲན་ལམ་དེ་ན་ནིང་ལམ་ཐིག་ཧྲིལ་པོ་སྦྲེལ་ཐུབ་ནས་ད་ལོ་རྒྱལ་ཁབ་རིམ་པའི་འགྲན་བསྡུར་ལ་སྤྱོད་ཐེངས་དང་པོ་ཡིན་པ་དེས་སྔོན་མ་རྒྱང་ནས་མཚོའི་མཛེས་ལྗོངས་ལ་ལྟ་བའི་རྣམ་པར་འགྱུར་ལྡོག་ཐེབས་ཏེ་འགྲན་ལམ་མཚོ་ངོགས་སུ་ཡིན་ཞིང་། མཁར་ལུང་ཤང་དང་མངར་བྲག་ཤང་སོགས་སྦྲེལ་ཏེ་མཚོ་མཐོང་ཐུབ་པའི་དམངས་སྲོལ་གནས་ཚང་དང་། ལོ་ངོ་200ཡི་ལོ་རྒྱུས་ལྡན་པའི་ཁང་པ། ལོ་ངོ་སྟོང་གི་གནའ་བོའི་ཤུག་པའི་ནགས་ཚལ་སོགས་ཁྱད་ལྡན་མཛེས་ལྗོངས་བརྒྱུད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།