འགྲན་བསྡུར་ར་བར་དཔའ་རྩལ་ངོམ། ཉིང་ཁྲིར་བསྐྱར་དུ་ཞལ་མཇལ་ཡོང་།
ཟླ་8ཚེས་22ཉིན་གྱི་དགོང་མོར། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་གཞིས་རྩེ་གྲོང་ཁྱེར་ལུས་རྩལ་ཁང་དུ་མཇུག་འགྲིལ་བ་རེད།
མཇུག་འགྲིལ་མཛད་སྒོའི་ཐོག ཚང་མ་ཡར་ལངས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་མཉམ་གཏོང་བྱས་ཤིང་། དེ་རྗེས། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པའི་ལུས་རྩལ་ཀུན་སྤྱོད་དར་སྲོལ་བྱ་དགའ་དང་ཕུལ་བྱུང་སྒྲིག་འཛུགས་བྱ་དགའ་སྤྲད་པ་དང་། གཞིས་རྩེ་གྲོང་ཁྱེར་དང་སྐབས་རྗེས་མའི་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་གཙོ་གཉེར་གྲོང་ཁྱེར་ཉིང་ཁྲི་གྲོང་ཁྱེར་ཚོགས་དར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོགས་པ་རེད།
སྐབས་དེའི་ལུས་རྩལ་འགྲན་ཚོགས་ཉིན་22འཚོགས་ཤིང་། ཟླ་8ཚེས་3ཉིན་སྒྲོམ་སྟེགས་སྤོ་ལོར་གསེར་གྱི་རྟགས་མ་དང་པོ་ཐོན་པ་ནས་བཟུང་། འགྲན་བསྡུར་ཁག་ལ་དོ་ཁུར་བྱེད་མཁན་མང་བ་དང་། ལྟད་མོ་ཆེ་བའི་འགྲན་བསྡུར་རེ་རེས་ལྗོངས་ཡོངས་ཀྱི་ལུས་རྩལ་དགའ་མོས་པ་རྣམས་ཀྱི་ཡིད་དབང་འཕྲོག་ཡོད་པ་རེད།
ཚེས་22ཉིན། ཆེས་མཐའ་མའི་འགྲན་བསྡུར་ཏེ། རྐང་རྩེད་སྤོ་ལོའི་རྣམ་གྲངས་ཀྱི་ཨང་དང་པོ་དང་གཉིས་པའི་ཐག་གཅོད་འགྲན་བསྡུར་བྱེད་ཡུལ་དུ་མི་ཚོགས་ཀྱིས་ཁེངས་ཤིང་། འགྲན་བསྡུར་ཛ་དྲག་པོ་བྱས་པ་བརྒྱུད། མཐར་ནག་ཆུ་གྲོང་ཁྱེར་གྱི་འཐུས་མིའི་རུ་ཁག་ལ་ཨང་དང་པོ་ཐོབ་པ་དང་། ཁོང་ཚོས་ཨང་དང་པོའི་བྱ་དགའི་བུམ་པ་བཏེགས་པ་དང་བསྟུན་ནས། ད་ཐེངས་ཀྱི་འགྲན་ཚོགས་གཟབ་རྒྱས་དེ་ཡོངས་སུ་མཇུག་འགྲིལ་བ་རེད།
ལོ་བཞིའི་རྗེས་སུ་ང་ཚོ་ཉིང་ཁྲིར་མཇལ་ཡོང་།
འབྲེལ་ཡོད་གསར་འགྱུར།