ལྷ་སས“སྐར་མ་15ཡི་དམངས་ཕན་འཚོ་བའི་འཁོར་རྒྱ”ནུས་ཤུགས་ཡོད་རྒུས་བཏོད་པ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ས་ཁོངས་ཧྲིལ་པོའི་ལས་རྣམ་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། གཉེར་སྐྱོང་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། ཚོང་གཉེར་གྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་པ་བརྒྱུད། ཁྲོམ་གཞུང་གི་ཕྲན་ཚེགས་དཔལ་འབྱོར་འཕེལ་རྒྱས་ལ་ཁོར་ཡུག་སྤུས་ལེགས་བཏོད་ཡོད། འཐུས་སྒོ་ཚང་བའི་ཁྲོམ་རའི་རྨང་གཞི་དང་དམངས་འཚོའི་འཛད་སྤྱོད་ཀྱི་དགོས་མཁོ་ཆེན་པོར་བརྟེན་ནས་ལྷ་སའི་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱིས་རང་འགུལ་ངང་བཀོད་སྒྲིག་དང་། རང་བརྟེན་གཉེར་སྐྱོང་། ལས་རྣམ་གྱི་ཞན་ཆ་སེལ་བ་བཅས་བྱས་ཏེ། “སྐར་མ་15ཡི་དམངས་ཕན་འཚོ་བའི་འཁོར་རྒྱའི”སྤུས་འདེགས་རིམ་སྤོར་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་ཁྲོམ་རའི་གསོན་ཤུགས་དང་གཞི་རིམ་གྱི་ནང་མཁོ་གང་ལེགས་འཕེལ་བར་བྱས་ཡོད། མིག་སྔར། ལྷ་སར་དམངས་ཕན་ཞོགས་ཟས་ཚོང་ཁང་130ལྷག་ཙམ་དང་། ཚད་ལྡན་ཅན་གྱི་སྟབས་བདེའི་ཚོང་ཁང་8 སྡེ་ཁུལ་གྱི་དམངས་ཕན་ཉམས་བཟོའི་ས་ཚིགས་12བཅས་དང་དེ་བཞིན་སྡེ་ཁུལ་གྱི་སོས་ཉར་ཐོན་རྫས་ཚོང་ཁང་མང་པོ་བཅས་རང་ཤུགས་སུ་ཆགས་པ་དང་། ལས་རྣམ་ཆ་ཚང་བ་དང་མཁོ་སྤྲོད་དོ་སྙོམས་ཀྱི་གཞི་རིམ་ཚོང་དོན་མ་ལག་ཅིག་གྲུབ་ནས། གྲོང་ཁྱེར་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམངས་འཚོའི་རྨང་གཞི་བརྟན་དུ་བཏང་ཡོད།
སོས་ཉར་ཐོན་རྫས་སིལ་ཚོང་ནི་གཞི་རིམ་གྱི་ནང་མཁོ་སྐོང་བ་དང་ཡུག་ཁུལ་གྱི་ཚོང་དོན་འཕེལ་རྒྱས་དོ་སྙོམས་ཡོང་བའི་ལས་རྣམ་གཙོ་བོ་ཞིག་ཡིན་པས། དགོས་མཁོ་ཆེ་བའི་དམངས་འཚོའི་ཁྱབ་ཁོངས་གཅིག་པུ་མིན་པར། ཁྲོམ་རའི་གཏིང་ཤུགས་དེ་བས་ཆེན་པོ་ལྡན་ཡོད། དེ་གོང་ལྷ་སའི་ཁུལ་ཆུང་རྙིང་པ་ཁག་གཅིག་དང་གྲོང་འདབས་ཡུག་ཁུལ་དུ་སོས་ཉར་ཐོན་རྫས་འཚོང་སའི་སྒྲིག་བཀོད་རྨང་གཞི་ཞན་པ་སྟེ། སྔོ་ཚལ་ཁྲོམ་ར་ཆེ་གྲས་དང་ཐག་རིང་བ་དང་། སྡེ་ཁུལ་གྱི་སོས་ཉར་ཐོན་རྫས་མཁོ་སྤྲོད་མི་འདང་བ། གྲོང་མིས་ཉོ་བར་དུས་ཡུན་མང་པོ་འགོར་བ་བཅས་ལས་གྲོང་མིའི་འཚོ་བའི་སྤུས་ཚད་དམའ་རུ་ཕྱིན་པ་མ་ཟད། ཡུག་ཁུལ་དུ་འཛད་སྤྱོད་བྱེད་མཁན་ཉུང་དུ་འགྲོ་བ་དང་ཚོང་དོན་འཕེལ་རྒྱས་དོ་སྙོམས་མེད་པ་དང་ཆབས་ཅིག ས་གནས་འདི་གའི་སོས་ཉར་ཐོན་རྫས་ཚོང་པའི་ལས་གཏོད་ཐད་བར་མཐོངས་ཆེན་པོ་ཞིག་ཀྱང་བཏོད་ཡོད།
ས་གནས་འདི་གའི་སོས་ཉར་ཐོན་རྫས་ཚོང་པས་ཡུག་ཁུལ་ཁག་གི་མི་འབོར་གྱི་གྲུབ་ཆ་དང་འཛད་སྤྱོད་ཀྱི་ཁྱད་ཆོས་སྦྲེལ་མཐུད་གནད་སྨིན་བྱས་ཏེ་རང་འགུལ་ངང་གྲོང་མི་གཅིག་སྡུད་ཀྱི་ས་ཁོངས་སུ་བསྐྱོད་དེ་དམངས་ཕན་སྔོ་ཚལ་ཚོང་ཁང་དང་སོས་ཉར་ཐོན་རྫས་ལེན་ས་མང་དུ་བཏང་བ་མ་ཟད། ད་དུང་དྲ་ཕྱིའི་འདེམས་ཉོ་དང་དྲ་ཐོག་སྡེབ་སྐྱེལ་གྱི་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ནས་སྐར་མ་5ཡི་དམངས་ཕན་སྔོ་ཚལ་ཉོ་ཁུལ་བཏོད་ཡོད། ཁྲོམ་རའི་བྱེད་པོས་གཉེར་སྐྱོང་བྱེད་སྟངས་ལེགས་སུ་གཏོང་བ་དང་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བརྒྱུད་སྡེ་ཁུལ་གྱི་སོས་ཉར་ཐོན་རྫས་སྒྲིག་བཀོད་ཀྱི་ཞན་ཆ་ནུས་ལྡན་ངང་སེལ་བ་དང་། ཐག་ཉེ་ས་ནས་ཉོ་ཐུབ་པ། སོས་ཉར་ཐོན་རྫས་སིལ་ཚོང་དང་གྲོང་ཁྱེར་གཅིག་པའི་སྡེབ་སྐྱེལ་སོགས་འབྲེལ་ཡོད་ལས་རྣམ་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བཅས་བྱས་པས་སྒྲིག་བཀོད་ཉམས་ཞན་ཡུག་ཁུལ་གྱི་འཛད་སྤྱོད་གསོན་ཤུགས་འཕེལ་བར་བྱས་ཡོད།
སྣེའུ་ཁུལ་གསར་ར་མ་སྒང་སྡེ་ཁུལ་སོས་ཉར་ཐོན་རྫས་ཚོང་ཁང་ཞིག་གི་སྦྱིན་བདག་གིས“ད་ཆ་སྡེ་ཁུལ་གྱི་འགྲུལ་རྒྱུན་བརྟན་པ་དང་གཅིག་སྡུད་ཐོག་འཛད་སྤྱོད་ཐུབ་ཀྱི་ཡོད། ང་ཚོས་སྔོ་ཚལ་གྱི་སྤུས་ཀར་སྟངས་འཛིན་ཡག་པོ་དང་གོང་ཁེ་བའི་གཉེར་སྐྱོང་མཐའ་འཁྱོངས་བྱས་ན་ཚོང་ལས་ལེགས་སུ་བརྟན་པོ་འགྲོ་ཐུབ་པ་དང་སྡེ་ཁུལ་གྱི་སོས་ཉར་ཐོན་རྫས་ཁྲོམ་རའི་འཕེལ་རྒྱས་ཀྱི་རྣམ་པ་དེ་བས་ལེགས་སུ་འགྲོ་ཐུབ”ཅེས་བཤད།
ཁྱིམ་སྤྱོད་གློག་ཆས་ཉམས་བཟོ་དང་། གྱོན་གོས་འཚེམ་བཟོ། ལྕགས་རིགས་ཉམས་བཟོ་སོགས་དམངས་ཕན་ཞབས་ཞུ་དེ་རིགས་ནི་སྡེ་ཁུལ་གྱི་ཚོང་ལས་ཁོར་ཡུག་འཐུས་སྒོ་ཚང་དུ་གཏོང་བ་དང་བབ་བསྟུན་ལས་ཞུགས་འགུགས་པའི་ལས་རྣམ་གལ་ཆེན་ཞིག་རེད། དེ་གོང་ལྷ་སའི་སྡེ་ཁུལ་གྱི་དམངས་ཕན་ཉམས་བཟོའི་ལས་རིགས་མང་ཆེ་བ་ནི་རང་དགར་ཐ་ཐོར་འཕེལ་རྒྱས་ཕྱིན་ནས་ཁྱབ་རྒྱ་ཁ་ཐོར་དང་དོ་སྙོམས་མེད་པ་དང་། ཞབས་ཞུའི་ཚད་གཞི་མི་འདྲ་བ། ཚོང་ཁང་འཚོལ་དཀའ་བ་སོགས་ཀྱི་གནད་དོན་གནས་པ་དེས་གྲོང་མིའི་ཉམས་བཟོའི་དགོས་མཁོ་ཐག་ཉེ་ས་ནས་སྐོང་མི་ཐུབ་པས་འཛད་སྤྱོད་བྱེད་མཁན་ཉུང་དུ་ཕྱིན་པ་མ་ཟད། སྡེ་ཁུལ་གྱི་ཚོང་དོན་ལས་རྣམ་དེ་རིགས་སྟོང་ཆར་ལུས་ཡོད།
སྡེ་ཁུལ་གྱི་དམངས་ཕན་དགོས་མཁོ་ཆེན་པོར་དམིགས་ནས་ས་གནས་དེ་གའི་ཉམས་བཟོའི་ཚོང་པས་རང་འགུལ་ངང་གཞི་རིམ་དུ་གཞི་ཚུགས་ཏེ་གཙོ་གནད་སྡེ་ཁུལ་དུ་ཚད་ལྡན་ཅན་གྱི་དམངས་ཕན་ཉམས་བཟོའི་ས་ཚིགས་12བཙུགས་ཡོད། ཁྲོམ་རའི་འགྲན་རྩོད་དང་གྲོང་ཁྱེར་ཚད་ལྡན་བཅོས་སྐྱོང་གི་སྐུལ་འདེད་འོག་ལས་རིགས་ཧྲིལ་པོ་རིམ་སྤོར་བྱུང་བ་སྟེ། བཅའ་སྡོད་ཚོང་དུད་གཉེར་སྐྱོང་ཚད་ལྡན་དང་། གྲོན་བསྡུའི་ཚད་གཞི་ཡོངས་བསྒྲགས། ཞབས་ཞུའི་སྤུས་ཚད་མཐོར་གཏོང་བཅས་དང་། དམངས་ཕན་ཞབས་ཞུ་ཚད་ལྡན་ཅན་དང་ཆེད་ལས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་བ་ལས་སྡེ་ཁུལ་གྱི་ཚོང་དོན་ཞན་ཆ་བསལ་བ་མ་ཟད། གཞི་རིམ་ཞབས་ཞུའི་ལས་རྣམ་མ་ལག་ཀྱང་ཕུན་སུམ་ཚོགས་སུ་ཕྱིན་ཡོད།
མིག་སྔར། ལྷ་སའི“སྐད་མ་15ཡི་དམངས་ཕན་འཚོ་བའི་འཁོར་རྒྱ”ཉིན་བཞིན་འཐུས་སྒོ་ཚང་དུ་འགྲོ་བ་དང་། འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོ་རྦད་དེ་ཁྲོམ་རར་བརྟེན་ནས་རང་བརྟེན་སྐྱེད་སྲིང་དང་། རང་བརྟེན་རིམ་སྤོར། རང་བརྟེན་འཐུས་ཚང་བཅས་བྱས་པས་དམངས་འཚོའི་སྤུས་ཚད་མཐོར་གཏོང་དང་ཁྲོམ་རའི་འབབ་འཕར་གཉིས་ཕན་བྱུང་ནས་ཚོང་པ་དང་གྲོང་མིའི་ཁས་ལེན་རྒྱ་ཁྱབ་ཐོབ་ཡོད། ཚད་ལྡན་དང་གོ་རིམ་ལྡན་པའི་གཉེར་སྐྱོང་ཁོར་ཡུག་དང་དོ་སྙོམས་ཀྱི་ཚོང་ལས་ལས་རྣམ་ཀྱིས་ཕྲན་ཚེགས་ཚོང་དུད་ལ་གཉེར་སྐྱོང་བྱེད་ས་བརྟན་པོ་ཞིག་བསྐྲུན་པ་མ་ཟད། མང་ཚོགས་ལ་སྟབས་བདེའི་འཛད་སྤྱོད་ཉམས་ལེན་བྱུང་བ་དེ་ནི་དམངས་ཕན་ཚོང་དར་དང་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་འདུ་འགོད་ངོ་མ་ཞིག་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།