པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་སུ་རྒྱུན་གཏན་གྱི་འགན་སྒྲུབ་ཕྱག་ལས་གནང་བ་དང་འབྲེལ་ལྷ་སར་སྤྱི་ཚོགས་བརྟག་ཞིབ་དང་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་བ།
ཉིན་ཤས་བསྟུད་མར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་སུ་རྒྱུན་གཏན་གྱི་འགན་སྒྲུབ་ཕྱག་ལས་གནང་བ་དང་འབྲེལ། ལྷ་སར་སྤྱི་ཚོགས་བརྟག་ཞིབ་དང་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་ནས། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་བཏང་གནང་བ་རེད།
པཎ་ཆེན་རིན་པོ་ཆེས་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བཅུ་གཉིས་པའི་ཚོགས་གཙོའི་ཚོགས་འདུ་ཐེངས་ལྔ་པ་དང་། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་2026ལོའི་ཚོགས་གཙོའི་གཞུང་ལས་ཚོགས་འདུ་ཐེངས་དང་པོ་དང་གཉིས་པ། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བཅུ་གཉིས་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་གཉིས་པ་བཅས་གཙོ་སྐྱོང་གནང་བ་རེད། པཎ་ཆེན་རིན་པོ་ཆེས། “གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱས་ནས། “ཕན་འདོགས་པ་ལྔའི”ཚད་གཞི་མཐའ་འཁྱོངས་ཀྱིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་ལོ་ལྔའི་ལས་དོན་གྱི་འཆར་འགོད་རྩ་གནད་ཀྱི་དམིགས་ཚད་ལས་འགན་རྒྱུན་མཐུད་ལེགས་སྒྲུབ་ཡག་པོ་བྱེད་པ་དང་། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། “འདུ་ཤེས་གསུམ”གྱི་སློབ་གསོར་རྒྱུན་རྣམ་ཅན་གྱིས་སྐུལ་འདེད་གཏོང་བ། “ཁྲིམས་སྲོལ་སྦྱོང་བ་དང་། འདུལ་ཁྲིམས་སྲུང་བ། ཉམས་ལེན་གཙོ་བོར་འཛིན་པ། གཟུགས་བརྙན་གཏོད་པ”བཅས་ཀྱི་སློབ་གསོའི་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བ། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་གྱི་སྲིད་ཇུས་དང་ཁྲིམས་སྲོལ་སྒྲོག་འགྲེལ་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། གཙོ་གནད་ལས་དོན་ཁག་དམ་འཛིན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
པཎ་ཆེན་རིན་པོ་ཆེས་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི“ཁྲིམས་སྲོལ་སྦྱོང་བ་དང་། འདུལ་ཁྲིམས་སྲུང་བ། ཉམས་ལེན་གཙོ་བོར་འཛིན་པ། གཟུགས་བརྙན་གཏོད་པ”བཅས་ཀྱི་སློབ་གསོའི་བྱེད་སྒོའི་བཞུགས་མོལ་ཚོགས་འདུ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ། བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་དང་འདུལ་ཁྲིམས་འཆད་འགྲེལ་དང་སྤེལ་རེས་ཀྱི་ཚོགས་འདུ་སྐབས་བཅུ་གཅིག་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་བཅས་གཙོ་སྐྱོང་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་དང་། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྒྱུད་བརྟན་པོའི་ངང་མདུན་སྐྱོད་ཐུབ་པར་བྱེད་དགོས། ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་སེམས་ཟབ་ཏུ་གཏོང་བ་དང་། རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་ལ་རང་འགུལ་ངང་སྲུང་སྐྱོང་བཅས་བྱས་ནས། “མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས། མཐའ་ཚད་འཛིན་སེམས་བརྟན་སྲུང་དང་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། རང་ངོས་གསར་བརྗེ་མཐའ་འཁྱོངས་ཀྱིས་ཆོས་ལུགས་ཚོགས་པའི་རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ“ཚད་གཞི་བཞི”དང་མཐུན་པའི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་གྲྭ་བཙུན་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་ཧུར་ཐག་བྱེད་དགོས། འབྲེལ་ཐག་གི་ནུས་པ་བཏོན་ནས་འགལ་ཟླའི་མངོན་མེད་རྐྱེན་ངན་སེལ་བ་དང་། སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ། སྤྱི་ཚོགས་ཀྱི་ལག་ལེན་ནང་ཞུགས་པ་བཅས་ཧུར་ཐག་བྱས་ནས་དུས་རབས་ཀྱི་བླང་བྱ་དང་འཚམ་པར་བྱས་ཏེ་བསྟན་དོན་དང་འདུལ་ཁྲིམས་ལ་འཆད་འགྲེལ་བྱེད་དགོས། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་ཀྱིས་དད་སྦྱོར་ཡང་དག་གི་སྲོལ་གསར་དར་སྤེལ་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།
ཟླ་8ཚེས་14ཉིན། ལྗོངས་ཡོངས་ཀྱི་ཏང་ཕྱིའི་འཐུས་ཚབ་མི་སྣས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། པཎ་ཆེན་རིན་པོ་ཆེས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་སྐབས། བཅའ་ཁྲིམས་སློབ་སྦྱོང་ཟབ་མོ་བྱས་རྗེས་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ། སྙིང་དབུས་ནས་བརྩི་བཀུར་ཞུ་གི་ཡིན། བཅའ་ཁྲིམས་དེ་ལམ་སྟོན་སྒྲོན་མེར་བརྩིས་ཏེ་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱིས་ཡག་པོ་སྦྱོང་བ་དང་ཡག་པོ་སྤྱོད་པར་ཁྲིད་སྟོན་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་མི་རིགས་ཁག་གི་མང་ཚོགས་ཀྱིས་ཚོར་ཐུབ་པ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
གཙུག་ལག་ཁང་ལ་གནས་གཟིགས་སུ་ཕེབས་པ་དེ་པཎ་ཆེན་རིན་པོ་ཆེས་ད་ལོ་བོད་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཐེངས་ཐོག་མ་ཡིན་ཞིང་། ཟླ་8ཚེས་3ཉིན་གྱི་ཐོ་རེངས་ཆུ་ཚོད་5པ་ཙམ་ལ། གཙུག་ལག་ཁང་གི་ཚོགས་ཆེན་འདུ་ཁང་གི་གཞོགས་གཡས་གཡོན་གཉིས་སུ་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་གདན་འདྲེན་ཞུ་བའི་ཆོ་ག་གཟབ་ཤོས་ཀྱི་ཐོག་ནས་དགེ་འདུན་པའི་སེར་སྦྲེངས་བསྒྲིགས་ནས་པཎ་ཆེན་རིན་པོ་ཆེ་ཕེབས་སྒུག་ཞུས་ཡོད།
ཆུ་ཚོད་5དང་སྐར་མ་30ཙམ་ལ་པཎ་ཆེན་རིན་པོ་ཆེ་གཙུག་ལག་ཁང་དུ་ཕེབས་འབྱོར་ཟིན་ཞིང་། དགེ་འདུན་པའི་ཞལ་འདོན་གྱི་གསུང་སྒྲ་གསང་པོ་དང་འགྲོགས་ནས་ཕྱག་ཏུ་བསང་ཕོར་བསྣམས་པའི་དགེ་འདུན་པ་དང་། དུང་དང་རྒྱ་གླིང་འབུད་མཁན་དགེ་འདུན་པའི་ཕེབས་བསུའི་འོག པཎ་ཆེན་རིན་པོ་ཆེ་ལྷ་ལྡན་གཙུག་ལག་ཁང་དུ་ཕེབས་ནས་ལྷ་ཁང་ཁག་ལ་གནས་མཇལ་དང་སྦྲགས། ཞལ་འདོན་དང་ཐུགས་སྨོན་གནང་བ་མ་ཟད། གཙང་ཁང་གི་རྟེན་གཙོར་མཇལ་དར་སྒྲོན་གནང་བ་རེད།
གཙུག་ལག་ཁང་གི་གཙང་ཁང་དུ་བཞུགས་སུ་གསོལ་བའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་གྱི་མདུན་དུ་པཎ་ཆེན་རིན་པོ་ཆེས་གཟབ་བརླིང་ངང་སྐུ་ཕྱག་འཚལ་གནང་བ་དང་ཕྱག་ཟུང་སྙིང་ཁར་སྦྱར་ནས་ཐུགས་སྨོན་དང་བཅས་མཇལ་དར་སྒྲོན་གནང་བ་རེད། གནས་མཇལ་ཞུས་རྗེས་པཎ་ཆེན་རིན་པོ་ཆེ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་མདུན་གྱི་གསེར་ཁྲིར་བཞུགས་ནས་ཡར་སྐུ་བརྙན་ལ་གཟིགས་བཞིན་ཞལ་འདོན་གནང་སྟེ་ཆར་ཆུ་དུས་སུ་འབབ་པ་དང་། རྒྱལ་ཁབ་དར་ཞིང་རྒྱས་པ། འཛམ་གླིང་ཞི་བདེ་ཡོང་བ། འགྲོ་བ་བདེ་ལ་འཁོད་པའི་ཐུགས་སྨོན་གནང་བ་རེད།
དེའི་རིང་པཎ་ཆེན་རིན་པོ་ཆེ་བོད་ལྗོངས་ཧྲེང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སིར་བརྟག་ཞིབ་དང་ལྷ་ས་མཐུན་སྒྲིལ་སྤྱི་གླིང་དུ་གཟིགས་སྐོར་གནང་བ་དང་། ལྷ་སའི་སྐྱོར་མོ་ལུང་དང་མཚམས་ཁུང་དགོན་དུ་གནས་མཇལ་དང་བཀའ་ཆོས་གནང་བ། བཞུགས་གླིང་རྡོ་རྗེ་ཕོ་བྲང་དུ་དད་ལྡན་མང་ཚོགས་ལ་ཕྱག་དབང་བཅས་གནང་བ་རེད།
པཎ་ཆེན་རིན་པོ་ཆེ་ཟླ་8ཚེས་24ཉིན་གཞིས་རྩེར་སྤྱི་ཚོགས་ཀྱི་བརྟག་ཞིབ་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བར་ཕེབས་ཤིང་། པཎ་ཆེན་རིན་པོ་ཆེ་ལྷ་ས་ནས་ཞལ་གྱེས་སྐབས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚེ་རིང་ཐར་དང་། ཟླ་བ་ཚེ་རིང་། ཞུས་ཀྲེ་ཐའོ། ཀྲུའུ་ཧྲོའུ་ཁོའོ། ཡུས་ཡུན་ཀུའེ་བཅས་ཀྱིས་ཕེབས་སྐྱེལ་ཞུས་པ་རེད།
འབྲེལ་ཡོད་གསར་འགྱུར།