ཞི་ཅིན་ཕིང་གིས་ཅོར་ཏན་གྱི་རྒྱལ་པོ་ཨ་པུའུ་ཏུའུ་ལཱ་ཁྲི་ཐོག་གཉིས་པ་དང་གྲོས་མོལ་གནང་བ།

ཟླ་8ཚེས་24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཅོར་ཏན་གྱི་རྒྱལ་པོ་ཨ་པུའུ་ཏུའུ་ལཱ་ཁྲི་ཐོག་གཉིས་པ་དང་གྲོས་མོལ་གནང་བ།

ཟླ་8ཚེས་24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཅོར་ཏན་གྱི་རྒྱལ་པོ་ཨ་པུའུ་ཏུའུ་ལཱ་ཁྲི་ཐོག་གཉིས་པ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཨ་པུའུ་ཏུའུ་ལཱ་ཁྲི་ཐོག་གཉིས་པར་དགའ་བསུ་ཞུ་བའི་མཛད་སྒོ་འཚོག་བཞིན་པ།
ཟླ་8ཚེས་24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཅོར་ཏན་གྱི་རྒྱལ་པོ་ཨ་པུའུ་ཏུའུ་ལཱ་ཁྲི་ཐོག་གཉིས་པ་དང་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཅོར་དབར་ཕྱི་འབྲེལ་བཙུགས་པ་ནས་ད་བར་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཁེ་མཉམ་ལས་བཅས་བྱས་པ་ནི་སྤྱི་ཚོགས་ཀྱི་ལམ་ལུཌ་མི་འདྲ་བ་དང་རྒྱལ་ཁབ་ཆེ་ཆུང་མི་འདྲ་བས་མཉམ་ལས་གཉིས་ཁེ་དང་། ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་འཛིན་རེས་བྱེད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། 2015ལོར་ང་ཚོས་ཀྲུང་ཅོར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་ཐུན་མོང་ཐོག་ཁྱབ་བསྒྲགས་བྱས་ཏེ། ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་འགོ་བཙུགས་ཡོད། རྙོག་འཛིང་ཆེ་བའི་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་མདུན་དུ་ནང་དོན་དེ་བས་ཟབ་མོ་ལྡན་པ་དང་གསོན་ཤུགས་དེ་བས་ཆེན་པོ་ལྡན་པའི་ཀྲུང་ཅོར་གྱི་འབྲེལ་བ་འཛུགས་རྒྱུ་དེ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་དང་མཐུན་པ་ཞིག་རེད་ལ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱིས་མཉམ་འབྲེལ་ཐོག་རང་སྟོབས་འཕེལ་བར་བྱེད་པའི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་པ་ཞིག་ཀྱང་རེད། ཕྱོགས་གཉིས་པོས་སྲོལ་རྒྱུན་གྱི་མཛའ་གྲོགས་དར་སྤེལ་གཏོང་བ་དང་། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། གཉིས་ཁེ་མཉམ་ལས་ཟབ་ཏུ་གཏོང་བ། ཕྱོགས་མང་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་ཅོར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེན་པོ་ཡོང་བར་སྐུལ་འདེད་བཏང་ནས་ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཀྱི་ཆེད་དུ་རྒྱུན་ཆད་མེད་པར་ལེགས་སྐྱེས་ཧུར་ཐག་འབུལ་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཅོར་ཏན་གྱི་དམིགས་བསལ་ཡུལ་ཕྱོགས་ཁྱད་ཆོས་དང་ནུས་པ་གལ་ཆེན་ལ་མཐོང་ཆེན་པོ་བྱེད་པ་དང་ཅོར་ཏན་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ལ། སླད་ཕྱིན་ཅོར་ཏན་ཕྱོགས་དང་མཉམ་དུ་སྲིད་གཞུང་དང་། སྲིད་ཏང་། ཁྲིམས་འཛུགས་སྒྲིག་གཞི། ས་གནས་སོགས་རིམ་པ་ཁག་གི་འགྲོ་འོང་ཟབ་ཏུ་བཏང་ནས་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་འདོད་ཀྱང་ཡོད། ཀྲུང་ཅོར་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་ངོ་བོ་ནི་གཉིས་ཁེ་གཉིས་ཕན་ཡོང་བར་བྱ་རྒྱུ་དེ་ཡིན་པས་ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་སྔར་བས་གཏིང་ཟབ་ཏུ་བཏང་སྟེ། དཔལ་འབྱོར་ཚོང་དོན་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། འགྲིམ་འགྲུལ། གཏེར་ཁའི་ཐོན་ལས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གྲངས་འཛིན་དཔལ་འབྱོར་དང་། མི་ཐབས་རིག་ནུས། ལྗང་མདོག་ནུས་རྒྱུ་སོགས་མཉམ་ལས་ཀྱི་འཕར་གཞི་གསར་པ་རྒྱ་ཆེར་གཏོང་དགོས་པ་དང་སློབ་གསོ་དང་། རིག་གནས། ཚན་རྩལ། ཡུལ་སྐོར་སོགས་ཀྱི་སྤེལ་རེས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ། མི་སྣ་འགྲོ་འོང་བྱེད་རྒྱ་ཆེ་རུ་བཏང་ནས་དམངས་སེམས་གཅིག་མཐུན་ཡོང་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཅོར་ཏན་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ལག་ལེན་བསྟར་ནས་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲིག་གཞིའི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་ཐུན་མོང་ཐོག་སྲུང་སྐྱོང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད།
ཨ་པུའུ་ཏུའུ་ལཱ་ཁྲི་ཐོག་གཉིས་པས་གསུངས་དོན། ཀྲུང་གོ་ནི་རྒྱལ་ཁབ་རླབས་ཆེན་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་པར་མི་རྣམས་ཀྱིས་བརྩི་འཇོག་བྱེད་ཀྱི་ཡོད་ལ་ཡིད་སྨོན་ཡང་བྱེད་ཀྱི་ཡོད། ཅོར་ཏན་དང་ཀྲུང་གོས་འཐབ་ཇུས་རོགས་ཟླའི་འབྲེལ་བ་ནུས་ལྡན་བཙུགས་ཞིང་། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་མཉམ་ལས་དམ་ཟབ་བྱས་པས། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཅོར་ཏན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད། ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཅོར་ཏན་གྱིས་ཅོར་ཏན་དང་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཀྲུང་གོ་དང་མཉམ་དུ་དཔལ་འབྱོར་ཚོང་དོན་དང་། བཟོ་སྐྲུན། ཞིང་ལས། ཚན་རྩལ། སྨན་རྫས་དང་སྨན་བཅོས། རིག་གནས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྤེལ་རེས་ཟབ་ཏུ་གཏོང་བཞིན་ཡོད། ཀྲུང་གོའི་ཁེ་ལས་དེ་བས་མང་པོས་ཅོར་ཏན་དུ་མ་འཇོག་བྱས་ནས་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བར་ཡོང་རྒྱུར་དགའ་བསུ་ཞུ་གི་ཡིན། ཅོར་ཏན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞིར་གདེང་འཇོག་ཆེན་པོ་ཞུ་གི་ཡོད། འཛམ་གླིང་གི་གར་སྟེགས་ཐོག་ཀྲུང་གོས་དེ་བས་གལ་ཆེ་བའི་འགོ་ཁྲིད་ཀྱི་ནུས་པ་འདོན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དབུས་ཤར་ས་ཁུལ་གྱི་དུས་བབ་ཐད་དགོངས་འཆར་བརྗེ་རེས་གནང་ཞིང་། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕྱོགས་ཡོངས་ནས་དམག་མཚམས་བཞག་སྟེ་ཆབ་སྲིད་ཀྱི་ཕྱི་འབྲེལ་ཐབས་ལམ་བརྒྱུད་རྩོད་གཞི་འདུམ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་པ་དང་། ཅོར་ཏན་ཚུད་པའི་ས་ཁུལ་དང་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་ལ་བརྩི་འཇོག་བྱེད་དགོས་པའི་ངོས་འཛིན་ཡང་བྱེད་ཀྱི་ཡོད། ཕ་ལེ་སི་ཐན་གྱི་གནད་དོན་ནི་དབུས་ཤར་ས་ཁུལ་གྱི་གནད་དོན་གཙོ་བོ་ཞིག་རེད། གནད་དོན་དེ་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རིང་རྩ་དོན་བཞི་མཐའ་འཁྱོངས་བྱེད་དགོས་པ་སྟེ། གཅིག་ནས་ངེས་པར་དུ་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་མཐའ་འཁྱོངས་བྱེད་དགོས་ཤིང་། “རྒྱལ་ཁབ་གཉིས་པོའི་ཇུས་གཞི”ཞེས་པའི་ཡང་དག་པའི་ཁ་ཕྱོགས་འདིར་དམ་པོར་དམིགས་ཏེ། ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་སླར་ཡང་ཞི་བའི་གྲོས་མོལ་བསྐྱར་དུ་བྱེད་འགོ་འཛུགས་པར་སྐུལ་འདེད་བཏང་ནས་ཕ་ལེ་སི་ཐན་སྔ་ཙམ་རང་བཙན་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་ཐུབ་པར་བྱེད་དགོས་པ་དང་། གཉིས་ནས་ངེས་པར་དུ“ཕ་ལེ་སི་ཐན་བས་ཕ་ལེ་སི་ཐན་སྐྱོང་བ”མཐའ་འཁྱོངས་བྱེད་དགོས་ཤིང་། ཕ་ལེ་སི་ཐན་ནི་ཕ་ལེ་སི་ཐན་བ་ཡོངས་ཀྱི་ཁྱིམ་གཞིས་ཡིན་པས“ཕ་ལེ་སི་ཐན་བས་ཕ་ལེ་སི་ཐན་སྐྱོང་བའི”རྩ་དོན་གཞིར་བཟུང་ཅོར་ཏན་གཙང་པོའི་ནུབ་ངོགས་བཅོས་སྐྱོང་དང་ཅ་ཧྲའི་དམག་འཁྲུག་རྗེས་ཀྱི་བསྐྱར་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ། གསུམ་ནས་ངེས་པར་དུ་མི་ཆོས་རིང་ལུགས་མཐའ་འཁྱོངས་བྱེད་དགོས་ཤིང་། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འགན་འཁྲི་ཏན་ཏིག་ཁུར་ནས་མི་སེར་གྱི་བདེ་འཇགས་སྲུང་སྐྱོང་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འགན་ལེན། མི་ཆོས་རིང་ལུགས་ཀྱི་གནོད་འཚེ་བཀག་འགོག་བཅས་བྱེད་དགོས་པ། བཞི་ནས་ངེས་པར་དུ་གཞུང་དྲང་དང་དྲང་བདེན་མཐའ་འཁྱོངས་བྱེད་དགོས་ཤིང་། རྒྱལ་སྤྱིའི་ཁྲིམས་སྐྱོང་རྨང་གཞིར་བྱེད་པ་དང་། རྩ་ལག་མཉམ་བཅོས་དམིགས་ཚད་དུ་བྱེད་པ། དངོས་སྒྲུབ་བྱ་སྤྱོད་ཐབས་ལམ་དུ་བྱེད་པ་བཅས་ཀྱི་ཐོག་ནས་ཕ་ལེ་སི་ཐན་གྱི་གནད་དོན་ཕྱོགས་ཡོངས་དང་། གཞུང་དྲང་། ཡུན་རིང་བཅས་ཀྱི་སྒོ་ནས་ཐག་གཅོད་སྔ་ཙམ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས།
ཨ་པུའུ་ཏུའུ་ལཱ་ཁྲི་ཐོག་གཉིས་པས་གསུངས་དོན། དབུས་ཤར་ས་ཁུལ་གྱི་ལས་དོན་ཁྲོད་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་གཞུང་དྲང་གི་ལངས་ཕྱོགས་འཛིན་པ་དང་ཨ་རབ་རྒྱལ་ཁབ་ཀྱི་དྲང་བདེན་བྱ་གཞག་ལ་རྒྱབ་སྐྱོར་བྱེད་པར་ཅོར་ཏན་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་ཞུ་གི་ཡོད། ཀྲུང་གོ་ཕྱོགས་ཀྱི་དྲང་བདེན་ལངས་ཕྱོགས་དེ་ས་ཁུལ་དང་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཧ་ཅང་ཆེན་པོ་རེད། ཅོར་ཏན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ། མིག་སྔའི་དུས་བབ་ཞི་ལྷོད་དུ་གཏོང་ཆེད་མུ་མཐུད་འབད་བརྩོན་ཧུར་ཐག་བྱས་ནས་དབུས་ཤར་རྒྱལ་ཁབ་ཁག་གི་མི་དམངས་ལ་ཞི་བདེ་དང་དར་རྒྱས་ལོངས་སྤྱོད་ཐུབ་པ་བྱེད་འདོད་ཡོད།
གྲོས་མོལ་གནང་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱི་འབྲེལ་དང་། དཔལ་འབྱོར་ཚོང་དོན། ཐོན་ལས་དང་མཁོ་སྤྲོད་འཁོར་འབྲེལ། ཁྲིམས་འཛིན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་ལྷན་དུ་དཔང་པོ་གནང་བ་རེད།
ཕྱོགས་གཉིས་པོས《ཀྲུང་ཅོར་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཅོར་ཏན་ཧ་ཤིས་མུའུ་རྒྱལ་ལྡན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།
གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཨ་པུའུ་ཏུའུ་ལཱ་ཁྲི་ཐོག་གཉིས་པར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།
ཨ་པུའུ་ཏུའུ་ལཱ་ཁྲི་ཐོག་གཉིས་པ་དེ་གར་ཕེབས་འབྱོར་ཟིན་སྐབས་གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་སྐབས་དམག་མིའི་རོལ་ཆ་རུ་ཁག་གིས་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་དང་། གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་21བརྒྱབ་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཨ་པུའུ་ཏུའུ་ལཱ་ཁྲི་ཐོག་གཉིས་པས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལའང་གཟིགས་པ་རེད།
ཉིན་དེའི་དགོང་མོར་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཨ་པུའུ་ཏུའུ་ལཱ་ཁྲི་ཐོག་གཉིས་པར་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།
ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།