དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཁྲིམས་ལྟར་ཞེ་ཁྲེང་ཚོགས་པ་ཚད་ཡོད་ཀུང་སིའི་སྒེར་སྡེམ་བྱེད་སྤྱོད་ལ་སྲིད་འཛིན་ཆད་པ་བཅད་པ་དང་ཁྱོན་ཡོངས་ནས་དག་ཐེར་བྱེད་དགོས་པའི་བཀའ་རྒྱ་ཡང་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-25

    ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཁྲིམས་ལྟར་ཞེ་ཁྲེང་ཚོགས་པ་ཚད་ཡོད་ཀུང་སིས་ཁྲོམ་རའི་བཀོད་སྒྲིག་གི་གནས་བབ་གང་བྱུང་དུ་སྤྱད་ནས་སྒེར་སྡེམ་བྱས་པའི་བྱེད་སྤྱོད་ལ་སྲིད་འཛིན་ཆད་པ་བཅད་དེ་དངུལ་ཆད་དང་གཞུང་བཞེས་བཏང་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་51.79བཏང་ཡོད།

    2026ལོའི་ཟླ་དང་པོ་ཚུན་དུ། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་སྐོར་གྱི་བཅའ་ཁྲིམས》གཞིར་བཟུང་། ཞེ་ཁྲེང་གི་གནས་ཚུལ་དེ་གྱོད་ཐོ་བཀོད་ནས་བརྟག་དཔྱད་བྱས་པ་དང་། གྱོད་དོན་ཆེད་སྒྲུབ་ཚོགས་ཆུང་བཙུགས་ཏེ་གྱོད་གཞི་སྒྲུབ་གཉེར་ཁྲིམས་ལྟར་དམ་ཞིང་ནན་ལ་ཚད་དང་མཐུན་པ་དང་བརྟན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ་ཞེ་ཁྲེང་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་རྗེས་དཔང་རྟགས་དང་དཔྱད་གཞི་འབོར་ཆེན་རག་པ་དང་། འགྲན་རྩོད་རང་བཞིན་གྱི་ལས་སྟེགས་གཞན་དག་དང་ལས་སྟེགས་ནང་ཁུལ་གྱི་གསོལ་མགྲོན་ཁང་གཉེར་མཁན་སོགས་མང་པོ་ཞིག་གི་ས་ནས་བརྟག་དཔྱད་དཔང་ལེན་རྒྱ་ཁྱབ་ཏུ་བྱས་པ། དཔང་རྟགས་དང་དཔྱད་གཞིར་ཁྱོན་ཡོངས་ནས་དབྱེ་ཞིབ་གསེད་བཀྲོལ་བྱས་པ་དང་གྲངས་གཞི་ཆེན་པོའི་ཞིབ་འགྲེལ་གཏིང་ཟབ་བྱས་པ། རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་བྱས་པ་མ་ཟད། ཞེ་ཁྲེང་གིས་བརྗོད་པའི་བསམ་འཆར་ཐེངས་མང་ཉན་ནས་དེའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཡང་བྱས་ཡོད།

    བརྟག་ཞིབ་བྱས་པ་བརྒྱུད། 2020ལོ་ཚུན་དུ་ཞེ་ཁྲེང་གིས་ཀྲུང་གོའི་མངའ་ཁོངས་ཀྱི་དྲ་ཐོག་གི་གསོལ་མགྲོན་ཁང་སྔོན་མངགས་ལས་སྟེགས་ཀྱི་ཞབས་ཞུའི་ཁྲོམ་ར་བཀོད་སྒྲིག་གི་གནས་བབ་གང་བྱུང་སྤྱད་དེ་བཞུར་ཚད་བགོ་འགྲེམས་ཀྱི་ལམ་སྲོལ་ལྟེ་བར་བྱས་ནས། ལས་སྟེགས་ཀྱི་སྒྲིག་སྲོལ་དང་ལག་རྩལ་བྱ་ཐབས་སྤྱད་དེ་སྒེར་སྡེམ་བྱ་ཐབས་གཉིས་སྤྱད་ཡོད་པ་སྟེ། གཅིག་ནི“དམིགས་བསལ”གྱི་གསོལ་མགྲོན་ཁང་གཉེར་མཁན་ལ་ཞེ་ཁྲེང་གཅིག་པུ་དང་མཉམ་ལས་བྱེད་དགོས་པའི་རེ་བ་བཏོན་ནས། བཞུར་ཚད་ཡག་ཤོས་མཁོ་འདོན་དང་ཁེ་དབང་གི་རྒྱབ་སྐྱོར་ཆེ་ཤོས་བྱེད་པ་སོགས་ཀྱི་བྱ་དགའ་སྤྲད་དེ་ཉོ་ཚོང་གྲངས་འབོར་མང་བ་དང་། ཞབས་ཞུའི་སྤུས་ཚད་ལེགས་པ། སྐུ་མགྲོན་འགུག་ནུས་ཆེ་བ་བཅས་ཀྱི་གསོལ་མགྲོན་ཁང་གཉེར་མཁན་ལ“དམིགས་བསལ”གདམ་ག་བྱེད་དགོས་པའི་བསླུ་འགུག་བྱས་པ་མ་ཟད། དེར་འགྲན་རྩོད་རང་བཞིན་གྱི་ལས་སྟེགས་གཞན་དག་དང་མཉམ་ལས་བྱེད་མི་ཆོག་པའི་རེ་བ་འདོན་གྱི་ཡོད། གཉིས་ནི“གསེར་རྟགས”དང“རྟགས་མེད”ཀྱི་གསོལ་མགྲོན་ཁང་གཉེར་མཁན་ལ“དྲ་བ་ཡོངས་ནས་གོང་ཚད་དམའ་ཤོས”བཙན་གྱིས་བྱེད་དུ་བཅུག་པ་དང་། ལས་སྟེགས་སྒྲོལ་ནས་ལས་གཉེར་བྱེད་མཁན་གསོལ་མགྲོན་ཁང་གཉེར་མཁན་ལ་ཞེ་ཁྲེང་ལས་སྟེགས་སུ་དྲ་བ་ཡོངས་ནས་གོང་ཚད་དམའ་ཤོས་བྱེད་དགོས་པའི་རེ་བ་འདོན་གྱི་ཡོད་པ་མ་ཟད། ཞེ་ཁྲེང་ནས་ཐད་ཀར་གོང་ཚད་ལ་འགྱུར་ལྡོག་གཏོང་ཆོག་པ་བཟོས་ཡོད་པ་དང་། གལ་ཏེ་གསོལ་མགྲོན་ཁང་གི་གོང་ཚད་འགྲན་རྩོད་རང་བཞིན་གྱི་ལས་སྟེགས་ལས་མཐོ་བ་ཡོད་པ་ཤེས་ཚེ་ཞེ་ཁྲེང་གིས“གོང་སྒྲིག་རམ་འདེགས་པ”དང“རྟགས་བསྒར་བདེ་བགྲོད”སོགས་ལག་རྩལ་དང་མི་ཐབས་ཀྱི་བྱ་ཐབས་ལ་བརྟེན་ནས་རིན་གོང་དམའ་རུ་གཏོང་གི་ཡོད།

    སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ཀྱི་ནང་གསེས་ང་བདུན་པ་དང་ང་དགུ་པའི་གཏན་འབེབས་ལྟར་ཞེ་ཁྲེང་གི་སྒེར་སྡེམ་བྱེད་སྤྱོད་ཀྱི་ངོ་བོ་དང་། ཚབས་ཆེ་ཆུང་། རྒྱུན་མཐུད་དུས་ཚོད་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་རྗེས་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཁྲིམས་ལྟར་སྲིད་འཛིན་ཆད་པ་གཅོད་རྒྱུའི་གཏན་འབེབས་འདི་ལྟར་བྱས་པ་སྟེ། ཞེ་ཁྲེང་ལ་ཁྲིམས་འགལ་གྱི་བྱེད་སྤྱོད་མཚམས་འཇོག་བྱེད་དགོས་པ་དང་། བཙན་གྱིས་འཕྲི་འཐེན་བྱས་པའི་གསོལ་མགྲོན་ཁང་གཉེར་མཁན་གྱི་མངགས་ཐོའི་གྲབས་གསོག་དངུལ་སྒོར་དུང་ཕྱུར་1.22 གྲངས་ཚང་ཕྱིར་སློག་བྱེད་དགོས་པ། ཁྲིམས་འགལ་གྱི་ཐོབ་ཆ་སྒོར་དུང་ཕྱུར་16.58གཞུང་བཞེས་གཏོང་རྒྱུ། དེའི་2025ལོའི་ཀྲུང་གོའི་མངའ་ཁོངས་ནང་གི་ཚོང་གཉེར་དངུལ་འབོར་སྒོར་དུང་ཕྱུར་469.58ཀྱི་7.5%སྟེ། ཁྱོན་བསྡོམས་སྒོར་དུང་ཕྱུར་35.21དངུལ་ཆད་གཏོང་རྒྱུ་བཅས་ཡིན་པ་རེད།

    ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཞེ་ཁྲེང་གིས་ཕྱོགས་ཡོངས་ནས་དག་ཐེར་བྱེད་པར་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ། དག་ཐེར་གྱི་བྱ་ཐབས་ཡོངས་བསྒྲགས་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ནས། གསོལ་མགྲོན་ཁང་གཉེར་མཁན་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཏན་ཏིག་བྱས་ཏེ་སྤུས་ལེགས་གོང་ཁེ་དང་ལུགས་མཐུན་འགྲན་རྩོད་ཀྱི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱས་ཏེ་ལས་རིགས་གསར་གཏོད་དང་སྐྱོན་བྲལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།