“ད་ཆའི་འཛམ་གླིང་གིས་ཀྲུང་གོ་ནས་མང་པོ་ཞིག་སྦྱོང་ཐུབ”
འཇར་མན་པོ་ཚི་ཐན་གནམ་གཤིས་ཤུགས་རྐྱེན་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ལུའོ་ཁེ་སི་ཐེ་ལུན་ལ་བཅར་འདྲི་བྱས་པ།

གཡོད་ཧན·ལུའོ་ཁེ་སི་ཐེ་ལུན།
“ཀྲུང་གོ་དེ་ཉིད་ཚན་རྩལ་ཁྱབ་ཁོངས་སུ་འཕེལ་རྒྱས་མགྱོགས་པོ་འགྲོ་བར་རྒྱུ་རྐྱེན་མང་པོ་ཡོད་ཅིང་། དེའི་ཁྲོད་ནས་གལ་ཆེ་ཤོས་ནི། ཀྲུང་གོས་ལོ་བཅུ་གྲངས་རིང་སློབ་གསོ་དང་ལྷག་པར་དུ་མཐོ་རིམ་སློབ་གསོར་རྒྱུན་མཐུད་ནས་མ་དངུལ་འབོར་ཆེན་བཏང་བར་ཐུག་ཡོད། ད་དུང་ཚང་མས་མཐོང་ཆེན་པོ་མི་བྱེད་པ་དང་ཐ་ན་སྣང་མེད་དུ་གཏོང་བའི་རྒྱུ་རྐྱེན་གཞན་ཞིག་ཡོད་པ་དེ་ནི་ཀྲུང་གོའི་གྲུབ་འབྲས་ཐོབ་པའི་བཅོས་སྐྱོང་བྱེད་སྟངས་རེད”ཅེས་ཉེ་ཆར་འཇར་མན་པོ་ཚི་ཐན་གནམ་གཤིས་ཤུགས་རྐྱེན་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཡོད་ཧན·ལུའོ་ཁེ་སི་ཐེ་ལུན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།
ལུའོ་ཁེ་སི་ཐེ་ལུན་ནི་རྒྱལ་སྤྱིའི་མིང་དུ་གྲགས་པའི་སའི་གོ་ལའི་མ་ལག་གི་ཚན་རིག་མཁས་ཅན་ཞིག་ཡིན་ཞིང་། དུས་ཡུན་རིང་པོར་ཀྲུང་གོའི་ཚན་རྩལ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་དོ་ཁུར་བྱེད་བཞིན་ཡོད། ད་ལོའི་ཟླ་5པར། ཁོང་དང་མཁས་དབང་གཞན་ཞིག་གིས་མཉམ་དུ་སྤེལ་བའི་རྩོམ་ཡིག་སྟེ། 《ཀྲུང་གོས་ཚན་རྩལ་གཙོ་ཁྲིད་གནས་བབ་ཕྱོགས་སུ་སྐྱོད་པའི་རྒྱང་སྐྱོད་ལམ་བུ》ཞེས་པར་རྒྱལ་སྤྱིའི་སྨྱན་སྦྱོར་གྱིས་དོ་ཁུར་ཆེན་པོ་བྱས་ཤིང་། རྩོམ་ཡིག་ནང“མི་རྣམས་ཀྱིས་ཚན་རིག་ཁྱབ་ཁོངས་སུ་སྔ་ས་ནས་ཤེས་རྟོགས་བྱུང་བའི་དོན་དངོས་ཏེ། ཀྲུང་གོའི་ཚན་རྩལ་འཕེལ་རྒྱས་དེ་དལ་བ་དལ་བུར་མདུན་དུ་སྐྱོད་པ་ནས་བྱ་འཕུར་བ་ལྟར་མདུན་དུ་སྐྱོད་བཞིན་པར་དོ་སྣང་བྱེད་དགོས”ཞེས་བཀོད་ཡོད།
ལུའོ་ཁེ་སི་ཐེ་ལུན་གྱིས་བལྟས་ན། ཀྲུང་གོའི་ཚན་རྩལ་འཕེལ་རྒྱས་མྱུར་པོ་བྱུང་བ་དེ་དུས་ཚོད་ཐུང་ཐུང་ནང་གི་བྱས་རྗེས་ཤིག་ཡེ་ནས་མིན། “ཀྲུང་གོའི་མཁས་དབང་གི་མིང་སྔོན་དུ་འཁོད་པའི་དཔྱད་རྩོམ་དེ་བས་མང་བ《ཚན་རིག》 དང《རང་བྱུང》སོགས་ཚན་རིག་དུས་དེབ་རྩེ་གྲས་ཐོག་སྤེལ་བ་ལས། ཀྲུང་གོའི་ལག་རྩལ་ཡར་ཐོན་དང་། དཔལ་འབྱོར་འཕར་བ། ཁྲོམ་རའི་འཕེལ་རྒྱས་བཅས་མངོན་ཐུབ། ཀྲུང་གོའི་ཕུལ་དུ་བྱུང་བའི་མཁས་དབང་གི་གྲངས་འབོར་སྟོན་གྲངས་རང་བཞིན་གྱི་སྒོ་ནས་མང་དུ་འགྲོ་བཞིན་ཡོད”ཅེས་བརྗོད།
ལུའོ་ཁེ་སི་ཐེ་ལུན་གྱིས། ཚན་རྩལ་ཁྱབ་ཁོངས་སུ་ཐོབ་པའི་ཀྲུང་གོའི་གྲུབ་འབྲས་དེ་ཕུགས་ཕན་གྱི་ཇུས་འགོད་དང་། ཡུན་རིང་གི་དམིགས་ཚད་གཏན་འཁེལ་བྱས་ནས་རྒྱུན་སྲིང་ལག་ལེན་བསྟར་བ་བཅས་དང་ཁ་འབྲལ་ཐབས་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ཁོང་གིས“ད་ཆ། ང་ཚོས་གློག་རྫས་ལག་རྩལ་དང་གློག་སྒུལ་རླངས་འཁོར་སོགས་ཁྱབ་ཁོངས་སུ་ཀྲུང་གོས་འཛམ་གླིང་གི་མདུན་གྲལ་གནས་བབ་བཟུང་ཡོད་པར་ངོས་འཛིན་ཐུབ་སྐབས། འབྲེལ་ཡོད་ཀྱི་ཐབས་ཇུས་དེ་ནི་ཀྲུང་གོས་ལོ་15དང་ཐ་ན་ལོ་20ཡི་སྔོན་ནས་བཟོས་པའི་འཆར་འགོད་ཡིན་པ་བརྗེད་མི་རུང”ཞེས་བརྗོད།
སའི་གོ་ལའི་མ་ལག་གི་ཚན་རིག་མཁས་ཅན་ཞིག་ཡིན་པའི་ལུའོ་ཁེ་སི་ཐེ་ལུན་གྱིས། ཀྲུང་གོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རེ་འདོད་ལ་གཞོལ་བ་དེ་དེང་གི་སའི་གོ་ལའི་མ་ལག་ཚན་རིག་གི་ཞིབ་འཇུག་འབྲས་བུ་དང་མཐུན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ནི་རྒྱལ་ཁབ་གཅིག་ཁོ་ནའི་ལས་འགན་མིན་པས། རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ཏེ་མཉམ་ལས་བྱེད་དགོས། “ཀྲུང་གོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་དང་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ཁ་གསལ་བཏོན་པ་དེས་རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐྱོན་བྲལ་གྱི་ཁོར་ཡུག་གཙང་མ་བཏོད་པ་མ་ཟད། སྐྱེ་དངོས་འཁོར་འབྲེལ་ཡོངས་ལ་སྲུང་སྐྱོང་དང་ཤེས་དཔལ་ཁག་གིས་མཉམ་དུ་རྒྱབ་རྟེན་བཅོལ་སའི་སྐྱེ་ཁམས་མ་ལག་ལའང་སྲུང་སྐྱོང་བྱེད་བཞིན་ཡོད”ཅེས་བརྗོད།
ལུའོ་ཁེ་སི་ཐེ་ལུན་གྱིས། “ཀྲུང་གོས་དུས་ཡུན་རིང་པོའི་ནང་ཚན་རིག་དང་ཚན་རིག་མཁས་ཅན་ལ་བརྩི་འཇོག་དང་། ཀྲུང་གོ་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་རྨང་གཞིའི་ཞིབ་འཇུག་དང་ཚན་རྩལ་གསར་གཏོད་ལ་རོགས་སྐྱོར་བྱེད་བཞིན་ཡོད་པས། ད་ཆའི་འཛམ་གླིང་གིས་ཀྲུང་གོ་ནས་མང་པོ་ཞིག་སྦྱོང་ཐུབ”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།